ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་དུ།
བྱང་སྐར་སྒྲིག་ཆས་དུད་ཚང་ཀུན་ལ་ཁྱབ། བདེ་སྐྱིད་འཚོ་བ་བརྙན་ཤེལ་ནང་ནས་འཆར།
ད་ལོ་ལོ་61ལ་སླེབས་པའི་ཨ་བུ་ཆུང་གིས་ས་སྟེང་དུ་བསྡད་ནས་ཕུ་ཐུང་གིས་རྒྱང་བཀོལ་ཡོ་བྱད་ཐོག་གི་བོད་ཡིག་མཚོན་རྟགས་དག་ཕྱིས་བཞིན་དགའ་ཚོར་ཆེན་པོས“ད་ཆ་བརྙན་འཕྲིན་གསལ་པོ་མཐོང་ཐུབ་པ་མ་ཟད། བརྡ་རྟགས་ཀྱང་བརྟན་པོ་འདུག”ཅེས་བཤད།
ཨ་བུ་ཆུང་གི་འཛུམ་མདངས་ནི་མཚོ་སྨད་རྫོང་གི་ཞིང་འབྲོག་པའི་རིག་གནས་འཚོ་བའི་བསྡུས་རིས་ཤིག་རེད། ལྷོ་ཁ་གྲོང་ཁྱེར་མཚོ་སྨད་རྫོང་གི་ཆ་སྙོམས་ས་བབ་སྨི་4100ཟིན་པ་དང་། ས་རྒྱ་ཆེ་ཞིང་མི་འབོར་ཉུང་བས་ཞིང་འབྲོག་པ་ཚོས་དེ་སྔོན“འཕྲིན་སླང”ལ་བརྟེན་ནས་བརྙན་འཕྲིན་ལྟ་གི་ཡོད། ས་བབ་མཐོ་བའི་ས་ཆར་ལྷགས་པ་ཉིན་མང་པོ་རྒྱག་གི་ཡོད་པས་བརྡ་རྟགས་ཆད་འགྲོ་བ་དང་ལྷག་པར་དུ་དཔྱིད་དགུན་དུས་སུ་ལྷགས་པ་བརྒྱབ་ཚེ་བརྙན་འཕྲིན་གསལ་པོ་ལྟ་ཐུབ་ཀྱི་མེད།
མང་ཚོགས་ཚོས་བརྙན་འཕྲིན་སྔར་བས་ཡག་པོ་ལྟ་ཐུབ་པ་དང་རླུང་འཕྲིན་སྔར་བས་ཡག་པོ་ཐོས་ཐུབ་ཆེད། “ལོ་ལྔ་ཚན་བཅུ་བཞི་པ”ཚུན། མཚོ་སྨད་རྫོང་གིས་བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་བསྡུ་ལེན་སྒྲིག་ཆས“དུད་ཚང་ཀུན་ཁྱབ”ཀྱི་འདུ་འགོད་ལ་སྐུལ་འདེད་ཤུགས་ཆེན་བཏང་ཞིང་། ལོ་འགའ་ཤས་རིང་། འདུ་འགོད་དེ་རྫོང་དེ་ཡོངས་ཀྱི་སྲིད་འཛིན་གྲོང་ཚོ་15རུ་ཁྱབ་པ་དང་། རིམ་རྩིས་བརྒྱབ་ན“དུད་ཚང་ཀུན་ཁྱབ”ཤར་གཏོང་ཐུབ་སྟེ་དུད་ཚང་2232ལ་སྒྲིག་ཆས་བསྒར་ནས་མང་ཚོགས་ཁྲི་1.2ལ་རིན་མེད་ངང་རབ་གསལ་བརྙན་འཕྲིན་92དང་རླུང་འཕྲིན་ལེ་ཚན་56མཁོ་འདོན་བྱས་པས། ས་མཐོའི་ཐོག་ཆ་འཕྲིན་གྱི་སྦྲེལ་ཟམ་ཞིག་བཏོད་ཡོད་པ་རེད།
མཚོ་སྨད་རྫོང་མཉམ་འདྲེས་སྨྱན་སྦྱོར་ལྟེ་གནས་ཀྱི་སྐལ་བཟང་རྣམ་རྒྱལ་ནི་སྒྲིག་ཆས་ཉམས་གསོ་བྱེད་མཁན་གྱི་ལག་རྩལ་པ་ཞིག་རེད། ཁོང་གི་ཁ་པར་ནང་མང་ཚོགས་ཚོས་བརྙན་འཕྲིན་མདུན་དུ་ཞིང་ལས་ལག་རྩལ་གྱི་ལེ་ཚན་ལ་ལྟ་བཞིན་ངོ་གདོང་ནས་འཛུམ་མདངས་འཕྱུར་བ་དང་། ཁོང་རང་ཉིད་ཀྱིས་ཁང་པའི་ཐོག་ཁར་སྐུད་ལམ་ལ་ཞིབ་བཤེར་བྱེད་པ་སོགས་ཀྱི་པར་མང་པོ་ཉར་ཚགས་བྱས་ཡོད་པ་རེད།
“ཡོ་བྱད་བསྒར་བ་ཙམ་མ་ཡིན་པར་སྒྲིག་ཆས་ཡུན་རིང་འཁོར་སྐྱོད་ཐུབ་པ་བྱ་རྒྱུ་ནི་དེ་བས་གལ་འགངས་ཆེ”སྐལ་བཟང་རྣམ་རྒྱལ་གྱིས་བྱང་སྐར་ཐད་གཏོང་སྲུང་སྐར་རབས་བཞི་པའི་བརྡ་རྟགས་བརྟན་པ་དང་། རི་མོ་གསལ་བ། འགོག་རྐྱེན་མེད་པ། ངེས་གནས་ཐུབ་པ་བཅས་ལས་གནམ་གཤིས་སྡུག་པོ་བསྟན་རུང་བརྡ་རྟགས་ཆད་ཀྱི་མེད་པས་དུད་ཚང་ཀུན་ཁྱབ་དངོས་འབྲེལ་མངོན་འགྱུར་ཐུབ་ཡོད་ཅེས་བཤད།
“དུད་ཚང་ཀུན་ཁྱབ”ཀྱིས་དམངས་ལ་དངོས་འབྲེལ་ཕན་པ་བསྐྲུན་ཆེད། མཚོ་སྨད་རྫོང་གིས་ཕུགས་ཕན་འཁོར་སྐྱོད་སྲུང་སྐྱོང་ལམ་སྲོལ་བཙུགས་པ་སྟེ། བྱ་སྤྱོད་མྱུར་སྤེལ་དཔུང་ཁག་བཙུགས་ནས་སྒྲིག་ཆས་ལ་སྐྱོན་ཤོར་ན་སྒོ་རྩ་ནས་ཉམས་གསོ་བྱེད་པ་དང་། ཤང་དང་གྲོང་ཚོ་རིམ་གཉིས་ཀྱི་རིག་གནས་ལས་དོན་པ་གསོ་སྐྱོང་བྱས་ནས་རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ཞབས་ཞུའི་དྲ་བ་བཏོད་དེ་གནད་དོན་ཐག་ཉེ་ས་ནས་ཐག་གཅོད་བྱས་ཏེ་མང་ཚོགས་ཚོ་དུས་ཐོག་ཏུ་བརྙན་འཕྲིན་ལྟ་ཐུབ་པ་བྱས་ཡོད།
བརྡ་རྟགས་བརྟན་པོ་བྱུང་ནས་བརྙན་འཕྲིན་གསལ་པོ་ལྟ་ཐུབ་པས་མང་ཚོགས་ཀྱི་ལྟ་རྒྱ་ཐོས་རྒྱ་ཆེ་རུ་ཕྱིན་ཞིང་། གནས་བཞི་ཤང་གདེངས་པ་གྲོང་ཚོའི་ཡུལ་མི་བདེ་སྐྱིད་དབྱངས་འཛོམས་ཀྱིས་བརྙན་འཕྲིན་མདུན་ནས་དགའ་ཚོར་ཆེན་པོས“བརྙན་འཕྲིན་ནང་གི་མིའི་གདོང་གི་གཉེར་མ་ཡང་གསལ་པོ་མཐོང་གི་འདུག”ཅེས་བཤད། གྲི་གུ་གྲོང་རྡལ་སྒྲུབ་སྡེ་གྲོང་ཚོར་ཀྲུང་དབྱང་བརྙན་འཕྲིན་ལས་ཁུངས་ཀྱི་འཕྲིན་ལམ་བདུན་པའི《ཕྱུག་འགྱུར་ཐབས་ལམ》ནི་ལྟ་མཁན་མང་ཤོས་ཀྱི་ལེ་ཚན་ཞིག་ཡིན་ཞིང་། ཡུལ་མི་ཚོས་མཉམ་དུ“རྩྭ་འདེབས་འབྲོག་དར་དང་བ་གསོ་ཕྱུག་འགྱུར”གྱི་སྐོར་གླེང་མོལ་བྱེད་པ་དེ་གྲོང་ཚོ་ཡོངས་ལ་ཁྱབ་ཡོད་པ་རེད།
“ཉན་འདོད་པའི་ནང་དོན་གོ་ཐུབ་པ་དང་། ལྟ་འདོད་པའི་བརྙན་འཕྲིན་ལྟ་ཐུབ་པ། ཞིང་དལ་སྐབས་སུ་ཕྱུག་འགྱུར་ཤེས་བྱ་སྦྱོང་བ། འཚོ་བ་དེ་བས་བདེ་སྐྱིད་ལྡན་པ”བཅས་ཉི་མ་དོན་གྲུབ་ཀྱི་སྐད་ཆ་དེ་དག་ལས“དུད་ཚང་ཀུན་ཁྱབ”ཀྱི་དོན་སྙིང་གསལ་པོར་མངོན་ཡོད། དེ་ནི་བརྙན་འཕྲིན་འཕྲུལ་ཆས་དང་བསྡུ་ལེན་སྒྲིག་ཆས་ཙམ་ཞིག་མིན་པར་ཏང་དང་སྲིད་གཞུང་གི་གསུང་སྒྲ་དུད་ཚང་ཁྲི་སྟོང་མང་པོར་བརྒྱུད་སྤྲོད་བྱེད་པའི་སྦྲེལ་ཟམ་ཞིག་དང་ཐག་རིང་འབྲོག་ཁུལ་ཕྱི་ཕྱོགས་དང་འབྲེལ་བ་བྱེད་པའི་སྦྲེལ་ཟམ་ཞིག་དེ་བས་ཀྱང་རེད།
འབྲེལ་ཡོད་གསར་འགྱུར།