ལྷོ་ཁ་གྲོང་ཁྱེར་གྱིས་ནོར་སྲིད་སྲིད་ཇུས་གང་ལེགས་སྤྱད་ནས་འཛད་སྤྱོད་ལ་སྐུལ་འདེད་བཏང་བ།
འཛད་སྤྱོད་ནི་དཔལ་འབྱོར་འཕེལ་བའི་སྒུལ་ཤུགས་གཙོ་བོ་ཡིན་ལ་དམངས་འཚོའི་བདེ་སྐྱིད་གསལ་བའི་མེ་ལོང་ལྟ་བུ་ཡང་ཡིན། ད་ལོ་ནས་བཟུང་། ལྷོ་ཁ་གྲོང་ཁྱེར་གྱིས་རླངས་འཁོར་དང་། བཟའ་བཏུང་། བརྒྱ་ཟོག་སིལ་འཚོང་སོགས་ཀྱི་ཁྱབ་ཁོངས་ལ་རྒྱུན་མཐུད་དམིགས་ཏེ། གྲོང་ཁྱེར་རིམ་པ་དེ་གའི་སྔོན་རྩིས་ཐད་སྔོན་ཚུད་ནས་འཛད་སྤྱོད་ལ་སྐུལ་མ་གཏོང་བའི་མ་དངུལ་སྒོར་ཁྲི་5000གཏན་ཁེལ་བྱས་ཤིང་། རང་སྐྱོང་ལྗོངས་ཀྱི་ཆེད་དོན་ཁ་གསབ་སྒོར་ཁྲི་900བརྩོན་ལེན་བྱས་ནས་སྣ་མང་ཅན་དང་ཏན་ཏན་ཏིག་ཏིག་གི་འཛད་སྤྱོད་སྐུལ་ལྕག་གི་བྱེད་ཐབས་ལག་བསྟར་གཏིང་ཟབ་བྱས་པས་གྲོང་ཁྱེར་ཡོངས་ཀྱི་འཛད་སྤྱོད་ཁྲོམ་རར་དབྱར་མཚོ་རྒྱས་པ་ལྟ་བུའི་གསོན་ཤུགས་མངོན་བཞིན་ཡོད།
འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་གདེང་ཚོད་དང་ཁྲོམ་རའི་གསོན་ཤུགས་འཕེལ་བར་དམིགས་ཏེ། ལྷོ་ཁ་གྲོང་ཁྱེར་གྱིས་ནོར་སྲིད་འགན་ནུས་ཀྱི་ལམ་སྲོལ་གསར་གཏོད་བྱས་ཏེ། འཛད་སྤྱོད་འཁོར་འབྲེལ་གཏོད་པའི་འགག་རྩའི་ལྷུ་ཚིགས་ལ་གཞི་ཚུགས་ནས“སྔོན་རྩིས་བཀོད་སྒྲིག+གོང་རིམ་གྱི་བརྩོན་ལེན+སྤྱི་འདོམས་བསྡུ་སྒྲིལ”བཅས་ཀྱི་མ་འཇོག་ལམ་སྲོལ་འཛུགས་སྐྱོང་གིས་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་ལས་དོན་གྲ་སྒྲིག་ལ་འགན་ལེན་བྱས་ཡོད།
བསྡོམས་རྩིས་ལྟར་ན། མིག་སྔའི་བར་ལྷོ་ཁ་གྲོང་ཁྱེར་གྱིས་རིམ་རྩིས་བརྒྱབ་ན་འཛད་སྤྱོད་ལ་སྐུལ་འདེད་གཏོང་བའི་མ་དངུལ་སྒོར་ཁྲི་2570བཏང་ནས་འཛད་སྤྱོད་སྒོར་དུང་ཕྱུར་1.01སྐུལ་ཁྲིད་བྱས་ཡོད།
“ཁ་གསབ་སྲིད་ཇུས་ཀྱི་རྒྱབ་སྐྱོར་ཡོད་པས། ཚོང་ཁང་དུ་འཛད་སྤྱོད་བྱེད་པར་ཡོང་མཁན་ཇེ་མང་དུ་ཕྱིན་འདུག”ཅེས་ལྷོ་ཁ་གྲོང་ཁུལ་གྱི་ཟ་ཁང་ཞིག་གི་འགན་འཁུར་ཨ་ཅག་ཝང་ལགས་ཀྱིས་བརྗོད་ཅིང་། ཁོང་གིས། ཁ་གསབ་བྱེད་སྒོ་དོན་འཁྱོལ་བྱས་པ་ལས་འཛད་སྤྱོད་པར་ཕན་འབྲས་དངོས་བྱུང་བ་མ་ཟད་ཚོང་པའི་ཚོང་ཟོག་ཀྱང་བྲིན་ཁ་རྒྱུག་ཏུ་ཕྱིན་ཡོད་ཅེས་བཤད།
འཛད་ཟོག་རྙིང་པ་གསར་པར་བརྗེ་བའི་སྲིད་ཇུས་གསར་པར་མུ་མཐུད་རྒྱབ་སྐྱོར་དང་ལེགས་སུ་གཏོང་ཆེད། ལྷོ་ཁ་གྲོང་ཁྱེར་གྱིས་དུས་ཡུན་ཆེས་རིང་བའི་དམིགས་བསལ་རྒྱལ་བུན་ལ་བརྟེན་ནས“མགྱོགས་བཤེར་མགྱོགས་སྤྲོད་དང་བརྒྱུད་རིམ་སྟབས་བདེ་བཟོ་བའི”ལམ་སྲོལ་བཙུགས་ཏེ། ནོར་སྲིད་སྡེ་ཚན་ལ་དངུལ་བུན་བརྒྱུད་སྤྲོད་ཀྱི་མ་དངུལ་འབྱོར་རྗེས་ཉིན་དེ་རང་ལ་ཚོང་དོན་སྡེ་ཚན་ལ་གཤམ་སྤྲོད་ཀྱིས་མ་དངུལ་ཉིད་དམིགས་ཚད་ལྷུ་ཚིགས་སུ་ཞག་འགྱང་མི་བྱེད་པའི་འགན་ལེན་བྱས་ཡོད། ཆ་འཕྲིན་ཅན་གྱི་བྱེད་ཐབས་ལ་བརྟེན་ནས་རེ་ཞུའི་འགྲོ་ལུགས་སྟབས་བདེ་བཟོས་ཏེ་ཁ་ཕྱོགས་གཏན་འཁེལ་ངང་རླངས་འཁོར་བེད་མེད་གསར་བརྗེས་དང་ཁྱིམ་སྤྱོད་གློག་ཆས་རྙིང་པ་གསར་པར་བརྗེ་བ་སོགས་ཀྱི་ཁྱབ་ཁོངས་ཆེན་པོ་བཞིར་རྒྱབ་སྐྱོར་བྱས་པ་དང་། འཛད་སྤྱོད་ཉིད་ལྗང་མདོག་རིག་ནུས་ཀྱི་རིམ་སྤོར་ལ་སྐུལ་འདེད་བཏང་ནས་འཛད་སྤྱོད་པར་སྲིད་ཇུས་ཀྱི་ཁེ་སྤོགས་གང་ལེགས་ཚོར་བར་བྱས་པས། འཛད་སྤྱོད་ཀྱི་འདོད་བློ་དང་ཁྲོམ་རའི་ཡིད་ཆེས་སྐུལ་སྤེལ་ནུས་ལྡན་ཐུབ་ཡོད།
འབྲེལ་ཡོད་གསར་འགྱུར།