དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཡོང་འབབ་བགོ་འགྲེམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་སྟེ་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་དགོས།

    —— རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་རིམ་སྤེལ་དཔྱད་གླེང་གཉིས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     རྩོམ་པ་པོ།  ཤིན་ཧྭ་གསར་འགྱུར་ཁང་གི་གསར་འགོད་པ།   |     སྤེལ་དུས།  2026-03-27

    ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས“དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་འཚོལ་དགོས”ཞེས་ནན་བཤད་གནང་བ་དང“གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་དགོས་པ”སོགས་དམངས་འཚོའི་དོ་ཁུར་མངོན་གསལ་དོད་པའི་གནས་བབ་ཏུ་བཞག་སྟེ་མིག་སྔའི་དུས་མཚམས་ལ་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བའི་བརྒྱུད་རིམ་ཁྲོད་ཧུར་བརྩོན་དང་རང་འགུལ་ངང་ལན་འདེབས་དགོས་པའི་ཞིབ་འཇུག་བྱ་གཞིར་བརྩིས་ཡོད།

    དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་བྱེད་པ་ནི་ཀྲུང་གོ་གུང་ཁྲན་ཏང་གི་འགྱུར་མེད་ཀྱི་རིན་ཐང་དོན་གཉེར་དང་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་ངོ་བོའི་བླང་བྱ་ཡིན་ལ། ཀྲུང་གོ་མི་དམངས་དུང་ཕྱུར་14ལྷག་ཙམ་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པའི་ལྡོག་མེད་ཀྱི་གདམ་གའང་ཡིན།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་དེ་སྔ་ཐུན་མོང་འབྱོར་ཕྱུག་སྐོར་ལ་གསལ་འགྲེལ་གཏིང་ཟབ་གནང་བ་སྟེ། “ཐུན་མོང་འབྱོར་ཕྱུག་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བ་བྱ་རྒྱུ་དེ་ཡིན་པ་དང་མི་དམངས་མང་ཚོཌ་ཀྱི་དངོས་པོའི་འཚོ་བ་དང་བསམ་པའི་འཚོ་བ་གཉིས་ཀ་འབྱོར་ཕྱུག་ལྡན་པ་ཞིག་ལ་ཟེར” “ཐུན་མོང་འབྱོར་ཕྱུག་ཡོང་བའི་དམིགས་ཚད་མངོན་འགྱུར་བྱེད་པར་དང་ཐོག་རྒྱལ་ཡོངས་མི་དམངས་ཀྱི་ཐུན་མོང་འབད་འཐབ་བརྒྱུད‘རྒྱུ་ནོར’སྟོབས་ཆེར་དང་ཡག་ཏུ་གཏོང་བ་དང་དེ་རྗེས་ལུགས་མཐུན་གྱི་ལམ་ལུགས་ཀྱི་བཀོད་སྒྲིག་ལ་བརྟེན་ནས‘རྒྱུ་ནོར’བགོ་འགྲེམས་ཡག་པོ་རྒྱག་དགོས” “གྲོང་ཁྱེར་དང་གྲོང་གསེབ་དབར་གྱི་ཧེ་བག་དང་། ས་ཁུལ་དབར་གྱི་ཧེ་བག ཡོང་འབབ་ཀྱི་ཧེ་བག་བཅས་ཆུང་དུ་གཏོང་རྒྱུ་དེ་ཤུགས་རྒྱག་ས་གཙོ་བོར་བརྩི་དགོས”

    གནད་འཕིགས་རྣམ་བཤད་རབ་དང་རིམ་པས་བརྡ་རྟགས་གསལ་པོ་བཏང་བ་སྟེ། གྲོང་མིའི་ཡོང་འབབ་མང་དུ་གཏོང་རྒྱུ་དེ་ཁྱིམ་ཚང་ཁྲི་སྟོང་མང་པོའི“ཡོང་འབབ”དང་འབྲེལ་བ་ཡོད་པ་ཙམ་མ་ཟད། ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་གཏོང་བར་མེད་དུ་མི་རུང་བའི་དངོས་པོའི་རྨང་གཞི་ཡང་རེད། ཡོང་འབབ་བགོ་འགྲེམས་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཚེ་གཞི་ནས་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་ཀྱིས་དེ་བས་མང་བ་དང་དེ་བས་གཞུང་དྲང་གི་སྒོ་ནས་དམངས་ཡོངས་ལ་ཕན་པ་ཐོབ་པར་བྱེད་ཐུབ།

    གྲངས་གཞི་ནི་དཔང་པོ་ཡག་ཤོས་ཡིན། “ལོ་ལྔ་ཚན་བཅུ་བཞི་པར”ཕྱིར་ལྟ་བྱེད་སྐབས་རང་རྒྱལ་གྱིས་དམངས་འཚོ་འགན་སྲུང་དང་ལེགས་སུ་གཏོང་བ་དང་། གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། དབུལ་ཕྱུག་གི་ཧེ་བག་ཆུང་དུ་གཏོང་བ་སོགས་ཐད་བློ་ཡིད་ཚིམ་པའི་སྦྱངས་འབྲས་ཀྱི་གསལ་ཐོ་ཞིག་ཕུལ་ཡོད།

    གྲོང་མིའི་ཡོང་འབབ་བརྟན་པོའི་ངང་འཕར་ཞིང་། རྒྱལ་ཡོངས་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་2020ལོའི་སྒོར་32189ནས་2025ལོའི་སྒོར་43377བར་མང་དུ་ཕྱིན་པ་དང་རིན་གོང་རྒྱུ་རྐྱེན་གྱི་ཤུགས་རྐྱེན་འཐེན་ཚེ། 2021ལོ་ནས་2024ལོའི་བར་ལོར་ཆ་སྙོམས་དངོས་སུ་འཕར་ཚད་5.5%ཟིན་ནས་དུས་མཚུངས་ཀྱི་རྒྱལ་ནང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་འཕར་ཚད་དང་གཅིག་མཚུངས་རྒྱུན་འཁྱོངས་ཐུབ་ཡོད་པ་རེད།

    དེ་བས་ཀྱང་དགའ་ཚོར་བྱེད་འོས་པ་ཞིག་ལ“རྙིང་ཆེ་དཀའ་གསུམ”གྱི་གནད་དོན་ཡིན་པའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་ཡོང་འབབ་ཧེ་བག་ཐག་གཅོད་ཡག་པོ་བྱུང་ཞིང་། 2025ལོར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་དངོས་སུ་འཕར་ཚད་གྲོང་ཁྱེར་དང་གྲོང་རྡལ་གྱི་གྲོང་མིའི་བརྒྱ་ཆའི་གྲངས་1.8ལས་མགྱོགས་པ་ཡོད། 2024ལོར་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་བསྡུར་ཚད་2.34ཟིན་ནས་2020ལོ་ལས་0.22ཆག་ཡོད་པ་རེད།

    གྲངས་གཞིའི་འགྱུར་ལྡོག་དེ་དག་གི་རྒྱབ་ཏུ་དུད་ཚང་ཁྲི་སྟོང་མང་པོའི་འཚོ་བའི་འཕོ་འགྱུར་འདུས་ཡོད། དེ་ནི་གྲོང་མིའི་འབབ་འཕར་དང་གྲོང་ཁྱེར་དང་གྲོང་གསེབ་མཐུན་སྦྱོར་འཕེལ་རྒྱས་ཀྱི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད།

    གྲོང་མིའི་འབབ་འཕར་དེ་མིག་སྔའི“དམངས་འཚོའི་རྩིས”རྒྱག་པ་ཙམ་མིན་པར། ཕུགས་ཀྱི“འཕེལ་རྒྱས་ཀྱི་རྩིས”དེ་བས་ཀྱང་རྒྱག་པ་ཞིག་ཡིན་པ་ནན་བཤད་བྱས་ཡོད།

    འཕེལ་རྒྱས་ཀྱི་དགོས་མཁོ་ནས་བལྟས་ཚེ། འཕེལ་རྒྱས་ཀྱི་རྣམ་པ་གསར་པ་མགྱོགས་མྱུར་གཏོད་པའི་རྒྱབ་ལྗོངས་འོག དཔལ་འབྱོར་འཕར་བའི་ཐད་ཀྱི་འཛད་སྤྱོད་ཀྱི་སྐུལ་སྤེལ་ནུས་པ་ཉིན་བཞིན་མངོན་གསལ་དོད་དུ་སོང་ཡོད། མི་སེར་གྱི་ཡོང་འབབ་མང་དུ་སོང་ཚེ་རྒྱལ་ནང་གི་རྒྱུན་འཁོར་ཆེན་པོ་གཞི་ནས་འཁོར་སྐྱོད་ཐུབ་སྟེ། དགོས་མཁོས་མཁོ་སྤྲོད་ལ་སྣེ་ཁྲིད་དང་མཁོ་སྤྲོད་ཀྱིས་དགོས་མཁོ་གཏོད་པའི་རྒྱུན་འཁོར་བཟང་པོ་ཞིག་ཆགས་ནས་རང་རྒྱལ་དཔལ་འབྱོར་གྱིས་རྙོག་འཛིང་ཆེ་བའི་རྒྱལ་སྤྱིའི་ཁོར་ཡུག་ཁྲོད་ཉེན་ཁ་སྔར་བས་ལེཌ་པའི་ངང་འགོག་པ་དང་བརྟན་བགྲོད་རྒྱང་འཁྱོལ་ཡོང་ཐུབ།

    “ལོ་ལྔ་ཚན་བཅོ་ལྔ་པའི”རིང་ནི་རྨང་གཞི་བརྟན་གཏོང་དང་ཕྱོགས་ཡོངས་ནས་ཤུགས་འདོན་པའི་འགག་རྩའི་དུས་སྐབས་ཤིག་རེད་ལ། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་གོམ་སྟབས་བརྟན་པོ་སྤོ་བའི་དུས་སྐབས་གལ་ཆེན་ཞིག་ཀྱང་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་། “གྲོང་མིའི་ཡོང་འབབ་འཕར་བ་དང་དཔལ་འབྱོར་འཕར་བ་གོམ་སྟབས་གཅིག་མཚུངས་ཡོང་བ་དང་། ངལ་རྩོལ་གྱི་གླ་ཆ་སྤོར་བ་དང་ངལ་རྩོལ་གྱི་ཐོན་སྐྱེད་ལས་ཆོད་མཐོར་གཏོང་གོམ་སྟབས་གཅིག་མཚུངས་ཡོང་བ་བྱེད་དགོས”ཞེས་བཏོན་ཡོད། དེ་ནི་རྒྱལ་ཁབ་ཀྱིས་མི་དམངས་ཡོངས་ལ་བཞག་པའི་བརྗིད་ཆེའི་ཁས་ལེན་དང་དམ་བཅའ་ཞིག་རེད་ལ། འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཞིབ་དཔྱད་བྱེད་པའི་འགག་རྩའི་ཚད་གཞི་ཡང་རེད།

    དེ་དང་ཆབས་ཅིག “གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་འབབ་འཕར་འཆར་གཞི་བཟོས་ནས་ལག་ལེན་བསྟར་རྒྱུ”དེ་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་ཐོག་མར་བཅུག་པ་དེ་ཐོག་ནས། གྲོང་མིའི་འབབ་འཕར་ལ་སྐུལ་འདེད་གཏོང་བར་དེ་བས་ཡུན་རིང་དང་བརྒྱུད་རིམ་ལྡན་པའི་ལམ་ལུགས་རང་བཞིན་གྱི་བཀོད་སྒྲིག་བྱས་པ་མཚོན་ཡོད།

    ཀྲེ་ཅང་གིས་ཐུན་མོང་འབྱོར་ཕྱུག་གི་དཔེ་སྟོན་ཁུལ་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་བསྐྲུན་རྒྱུར་སྐུལ་འདེད་གཏོང་བཞིན་ཡོད། ཀྲེ་ཅང་ཞིང་ཆེན་ཅ་ཤིང་གྲོང་ཁྱེར་གྱི་2025ལོའི་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་བསྡུར་ཚད་1.48ཡིན་པ་དང་། རྒྱལ་ཡོངས་ཀྱི་ཆུ་ཚད་ལས་ཧ་ཅང་གིས་དམའ་བ་ཡོད། ད་ལོའི་གནམ་ལོ་གསར་ཚེས་ཉིན་ཅ་ཤིང་ཅང་ཧྲན་རྫོང་ཡུའོ་ཅ་གྲོང་ཚོའི་གྲོང་མིའི་རྐང་བདག་གིས་བང་བསྒྲིགས་ནས་ལོ་གསར་གྱི་ཤོག་ཆག་ལེན་པའི་རྣམ་པ་དེས་མི་རྣམས་ལ་བག་ཆགས་ཟབ་མོ་བཞག་ཅིང་། ལོ་དེ་དག་ནང་གྲོང་ཚོས་སྤུས་རྟགས་ཚོང་ཁང་ནང་འདྲེན་དང་ཚོང་ལས་ས་ཆ་གསར་སྤེལ་བྱས་པར་ཡོང་འབབ་བགོ་འགྲེམས་རག་པ་མ་ཟད། ཡོང་འབབ་ཕྱེད་ཀ་སྤྱི་གླིང་དང་རྒན་གསོའི་ཞབས་ཞུའི་ལྟེ་གནས་བསྐྲུན་པ་སོགས་དམངས་འཚོའི་རྣམ་གྲངས་ནང་སྤྱད་པས་ཡོང་འབབ་བགོ་འགྲེམས་ལེགས་གཏོང་གི་ལག་ལེན་དངོས་སུ་འགྱུར་ཡོད་པ་རེད།

    “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་དམིགས་སའི་རང་བཞིན་གྱི་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་པ་སྟེ། ཐོག་མའི་བགོ་འགྲེམས་ལ་དམིགས་ནས་རིགས་ཁག་གི་རྒྱུ་རྐྱེན་གཙོ་བོ་དེ་ཁྲོམ་རས་བྱས་རྗེས་ལ་གདེང་འཇོག་བྱེད་པ་དང་བྱས་རྗེས་ལ་གཞིགས་ནས་ཐོབ་ཆ་གཏན་འཁེལ་བྱེད་པའི་ཐོག་མའི་བགོ་འགྲེམས་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་སྟེ། ལས་མང་ཐོབ་མང་དང་། རྩལ་མཁས་ཐོབ་མང་། གསར་གཏོད་པར་ཐོབ་མང་བཅས་ལ་སྐུལ་འདེད་གཏོང་བ་དང་། བསྐྱར་དུ་བགོ་འགྲེམས་རྒྱག་པར་དམིཌ་ནས་ཁྲལ་བསྡུ་དང་། སྤྱི་ཚོགས་འགན་སྲུང་། སྤོ་སྒྱུར་གཏོང་སྤྲོད་སོགས་བསྐྱར་དུ་བགོ་འགྲེམས་དང་སྙོམས་སྒྲིག་ཡོང་བར་ཤུཌ་སྣོན་བརྒྱབ་ནས་ཡོང་འབབ་བགོ་འགྲེམས་རྣམ་པ་ལེགས་སུ་གཏོང་བ། བགོ་འགྲེམས་རྒྱག་ཐེངས་གསུམ་པའི་ནུས་པ་གང་ལེགས་བཏོན་ཏེ། སྤྱི་ཕན་དགེ་སྒྲུབ་བྱ་གཞག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ཚད་ལྡན་དུ་བཏང་ནས་དགེ་སྒྲུབ་ཀྱིས་ནུས་པ་ཐོན་པ་བྱེད་པའི་ཐབས་ལམ་འཚོལ་ཞིབ་བྱེད་པ་སོགས་རེད།

    ཡོང་འབབ་འབྲིང་བའི་ཚོགས་སྤྱིའི་གཞི་ཁྱོན་བརྟན་པོའི་ངང་ཆེ་རུ་བཏང་ནས་དཀྱིལ་སྦོམ་ཞིང་སྣེ་གཉིས་ཕྲ་བའི་སྐྱུ་རུའི་དབྱིབས་ཀྱི་བགོ་འགྲེམས་རྣམ་པ་ཆགས་པར་སྐུལ་འདེད་གཏོང་རྒྱུ་ནི་ཐུན་མོང་འབྱོར་ཕྱུག་ཡོང་བའི་ཐབས་ལམ་ནུས་ལྡན་ཞིག་རེད། མིག་སྔར་རང་རྒྱལ་གྱི་འབབ་འབྲིང་ཚོགས་སྤྱིའི་གཞི་ཁྱོན་དུང་ཕྱུར་4ལས་བརྒལ་ཡོད་པ་དང་འབྱུང་འགྱུར་ལོ་10ལྷག་ཙམ་རིང་མི་གྲངས་དུང་ཕྱུར་8ལས་བརྒལ་རེ་ཡོད་པ་རེད།

    ད་ལོའི“རྒྱལ་ཁབ་ཀྱི་རྩིས་ཁྲར”བལྟས་ཚེ་བཀོད་སྒྲིག་མང་པོ་ཞིག་ལས་བརྡ་རྟགས་མངོན་གསལ་དོད་པོ་བཏང་ཡོད་པ་སྟེ། ཀྲུང་དབྱང་ནོར་སྲིད་ཀྱིས་གཞི་རྩའི་རྒན་གསོའི་དངུལ་སྒོར་དུང་ཕྱུར་ཁྲི་1.25སྤོ་སྒྱུར་གཏོང་སྤྲོད་བྱེད་རྒྱུའི་བཀོད་སྒྲིག་བྱས་པ་དང་། གྲོང་མིའི་སྨན་བཅོས་འགན་བཅོལ་གྱི་མི་རེའི་ཆ་སྙོམས་ནོར་སྲིད་ཀྱི་ཁ་གསབ་ཚད་གཞི་སྒོར་24མཐོ་རུ་བཏང་བ། སློབ་སྔོན་གྱི་ལོ་གཅིག་རིང་སློབ་ཡོན་མི་དགོས་པའི་སློབ་གསོའི་སྲིད་ཇུས་མུ་མཐུད་ལག་ལེན་བསྟར་བ། སློབ་གསོ་དང་། སྤྱི་ཚོགས་འགན་སྲུང་དང་ལས་ཞུགས། འཕྲོད་བསྟེན་བདེ་ཐང་། སྡོད་ཁང་འགན་ལེན་བཅས་རྣམ་གྲངས་4ཡི་གཏོང་སྒོའི་བསྡོམས་འབོར་སྒོར་དུང་ཕྱུར་ཁྲི་12.4ལས་བརྒལ་བ་སོགས། ནོར་སྲིད་གཏོང་སྒོའི་གཙོ་གནད་དེ“མི་སྐྱོང་མ་འཇོག”དང་དམངས་འཚོ་འགན་ལེན་བྱེད་པར་མུ་མཐུད་ཕྱོགས་པས་ཐུན་མོང་འབྱོར་ཕྱུག་གི་ཕྱོགས་སུ་སྐྱོད་པའི་གོམ་སྟབས་སྔར་བས་བརྟན་དུ་ཕྱིན་ཡོད།

    ཐུན་མོང་འབྱོར་ཕྱུག་ཡོང་བ་ནི་ཕུགས་ཀྱི་དམིགས་ཚད་ཅིག་ཡིན་པས་བྱེད་ཐེངས་གཅིག་ལ་འགྲུབ་མི་སྲིད་པར་ཏན་ཏན་ཏིག་ཏིག་དང་སྙིང་རུས་གཏན་འཁྱོངས་བྱེད་དགོས།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།