དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ལེའོ་ཉིང་གིས་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་གྲོང་ཁྱེར་གསར་སྐྲུན་ལ་སྐུལ་འདེད་གཏོང་བ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ལིའུ་ཁྲེང་ཡིའུ། ལིའུ་ཅ་ཧྭ།   |     སྤེལ་དུས།  2026-03-26

    2025ལོའི་ཟླ་བ་དང་པོར་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལེའོ་ཉིང་དུ་རྟོག་ཞིབ་གནང་སྐབས“གྲོང་ཁྱེར་གསར་སྐྲུན་བྱེད་སྐབས་ཡུལ་བབ་དང་བསྟུན་པ་དང་སྡེ་ཁུལ་འཛུགས་སྐྲུན་དང་ཟུང་འབྲེལ་བྱས་ཏེ་ལས་དོན་ཐམས་ཅད་དམངས་བདེ་དམངས་ཕན་ཡོང་བར་དམིགས་དགོས”ཞེས་གསུངས་ཡོད། “ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང“འཐུས་སྒོ་ཚང་བའི་སྡེ་ཁུལ་སྐྲུན་མགྱོགས་སུ་བཏང་ནས་གྲོང་ཁྱེར་གསར་སྐྲུན་གྱི་ལག་བསྟར་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས”ཞེས་བཏོན་ཡོད།

    སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ཏེ། ལེའོ་ཉིང་གིས་ཡུལ་བབ་དང་བསྟུན་ནས་སྤུས་ཚད་མཐོ་བའི་གྲོང་ཁྱེར་གསར་སྐྲུན་ལ་སྐུལ་འདེད་བཏང་བ་དང་། དམངས་བདེ་དམངས་ཕན་ལ་གཞི་ཚུགས་ཏེ་སྡོད་ཁང་དང་། ཁུལ་ཆུང་། སྡེ་ཁུལ། གྲོང་ཁུལ་བཅས་ཡག་པོ་སྐྲུན་པར་སྤྱི་འདོམས་བྱས་པར་བརྟེན་གྲོང་ཁྱེར་གྱི་གསོན་ཤུགས་རིམ་གྱིས་མངོན་པ་མ་ཟད། མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་ཡོད།

    སྡེ་ཁུལ་རྙིང་པ་སྒྱུར་བཀོད་དང་ནུས་པ་འཐུས་སྒོ་ཚང་དུ་བཏང་བས་སྡོད་ཁང་གི་ཆ་རྐྱེན་ལེགས་སུ་ཕྱིན་པ།

    འདྲ་པར་རྙིང་པའི་ནང་ནས་རྙིང་ལ་བཙོག་ཟིང་ཞན་གསུམ་གྱི་ཁུལ་ཆུང་དང་། འགྲོ་ལམ་གྱི་རྡོ་གཅལ་ཆག་རོ་མང་བ། སྟར་པ་ཁག་གི་སྒོར་བཙའ་བརྒྱབ་པ་བཅས་སྔོན་མའི་རྣམ་པ་མཐོང་ཐུབ། སྒྱུར་བཀོད་བྱས་རྗེས། ད་ཆ་སྣུམ་ནག་ལམ་ཁོད་སྙོམས་ལ། རླངས་འཁོར་འཇོག་ས་ཡོད་པ་མ་ཟད། སྟར་པ་ཁག་གི་སྒོ་བརྟན་ལ་མཛེས་སུ་ཕྱིན་ནས་ཧྥུའུ་ཧྲུན་གྲོང་ཁྱེར་ཧྲུན་ཁྲེང་ཆུས་ལུང་ཧྲུན་སྡེ་ཁུལ་ཝན་ཆོན་ཁུལ་ཆུང་གི་རྣམ་པ་གསར་རྐྱང་དུ་གྱུར་ཡོད། “སྒྱུར་བཀོད་ཇུས་གཞིར་སྔ་རྗེས་སུ་བཟོ་བཅོས་ཐེངས་4བརྒྱབ་པ་དང་གྲོང་མིའི་བསམ་འཆར་ཁག་300ལྷག་ཙམ་བསྡུ་ལེན་བྱས་ཡོད”ཅེས་སྡེ་ཁུལ་ཏང་ཨུད་ཀྱི་ཧྲུའུ་ཅི་ཁྲེན་ཅུན་ཧྥེ་ཡིས་བཤད།

    ལེའོ་ཉིང་གྲོང་ཁྱེར་ཅན་དུ་འཛུགས་སྐྲུན་བྱེད་སྔ་བར་བརྟེན་ཁུལ་ཆུང་རྙིང་པ་མང་པོ་ཡོད། མང་ཚོགས་ཀྱི་སེམས་ཁྲལ་དང་། དཀའ་ངལ། འཕྲལ་མཁོ། རེ་སྒུག་བཅས་ལ་དམིགས་ཏེ“ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལེའོ་ཉིང་གིས་ཁུལ་ཆུང་རྙིང་པ་5475སྒྱུར་བཀོད་བྱས་པས་གྲོང་མི་དུད་ཚང་ཁྲི་223ལ་ཕན་པ་ཐོབ་སྟེ་གཞི་ཁྱོན་རྒྱལ་ཡོངས་ཀྱི་མདུན་གྲལ་དུ་སླེབས་ཡོད།

    འཚོ་སྡོད་ཁོར་ཡུག་ལེགས་སུ་དང་གྲོང་ཁྱེར་གྱི་མཉེན་ཤུགས་ཆེ་རུ་ཕྱིན་ནས་མཛེས་སྡུག་གི་རྣམ་པ་མངོན་པ།

    ཨན་ཧྲན་གྲོང་ཁུལ་གྱི་ཤར་རྒྱུད་དང་ནན་ཧྲ་ཆུ་བོར་དེ་སྔ་ཆུ་ལོག་དང་ཞོད་སྐྱོན་ཐོན་མང་བར་བརྟེན་འགྲོ་ལམ་བདེ་པོ་མེད་ལ། གཙང་འགྲམ་དུ་འདམ་རྫབ་ཀྱིས་ཁེངས་ཡོད། ཨན་ཧྲན་གྱིས་ནན་ཧྲ་ཆུ་བོའི་འབབ་རྒྱུད་ཀྱི་ཁོར་ཡུག་བཅོས་སྐྱོང་དང་ཆན་ཧྲན་དབན་མཚོ་ཁུག་སྒྱུར་བཀོད་བྱས་པར་བརྟེན་ཆུ་ལམ་རྒྱ་ཆེ་རུ་ཕྱིན་པ་དང་། འདམ་རྫབ་གཙང་སེལ། ཆུ་རགས་བརྟན་པོ་བཅས་བྱུང་ཡོད། 2025ལོའི་ཟླ་5པར་ཆན་ཧྲན་དབན་མཚོ་ཁུག་སྤྱི་གླིང་སྒོ་ཕྱེ་བ་དང་། ཆུ་སྒོ་ནས་ཆུའི་རྒྱུག་ཚད་ཚོད་འཛིན་བྱེད་པ་མ་ཟད། གསར་དུ་བསྐྲུན་པའི་ཟམ་པའི་ཐོག་རླངས་འཁོར་ཕར་འགྲོ་ཚུར་འོང་བྱེད་ཅིང་། ཆུ་མོ་དྭངས་ལ་ཆུ་ངོགས་སྔོ་ལྗང་གིས་བརྒྱན་པ་དང་སྤྱི་གླིང་དུ་འཕྲང་ལམ་བཟོས་ཡོད་པས། གྲོང་མི་འཆམ་འཆམ་བྱེད་ས་ཡག་པོ་ཞིག་ཏུ་གྱུར་ཡོད།

    ལེའོ་ཉིང་ས་གནས་ཁག་གིས་གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་སྒྱུར་བཀོད་ལ་ཤུགས་སྣོན་བརྒྱབ་ནས་གྲོང་ཁྱེར་གྱི་སྐྱེ་ཁམས་མ་ལག་སླར་གསོ་བྱས་ཏེ་གནས་འཕྲོད་དང་། མཉེན་ཤུགས། རིག་ལྡན་བཅས་ཀྱི་གྲོང་ཁྱེར་བསྐྲུན་ཡོད། ལོ་5ཡི་རིང་། ཞིང་ཆེན་ཡོངས་ཀྱིས་གྲོང་ཁྱེར་གྱི་མདོང་དྲ་རྙིང་པ་སྤྱི་ལེ་ཁྲི་3.43སྒྱུར་བཀོད་བྱས་པ་དང་ལམ་ཟུར་སྤྱི་གླིང་4746བསྐྲུན་ཡོད་ལ།  གྲོང་ཁྱེར་གྱི་འཚོ་བའི་བཙོག་ཆུ་གཙང་གསིང་བྱེད་ཚད་73%ལྷག་ཙམ་ཟིན་པ་དང་ས་ཁུལ་རིམ་པའི་གྲོང་ཁྱེར་14ཚང་མར་འཚོ་བའི་གད་སྙིགས་གཙང་བཟོ་ཁུལ་བཙུགས་ཡོད།

    གྲོང་ཁྱེར་གྱི་ལོ་རྒྱུས་ལ་སྲུང་སྐྱོང་དང་གྲོང་ཁྱེར་གྱི་རིག་རྒྱུན་འཛིན་སྐྱོང་བྱས་པས་ཁྲོམ་གཞུང་རྙིང་པའི་རྣམ་པ་གསར་རྐྱང་དུ་གྱུར་ཡོད།

    ཧྲེན་དབྱང་གྲོང་ཁྱེར་ཧོ་ཕིང་ཆུས་པཱ་ཅིང་ཀོག་ཧྥེའི་སྲང་ལམ་དུ་འཆམ་འཆམ་བྱེད་སྐབས། ལོ་རྒྱུས་ཡུན་རིང་ལྡན་པའི་སྡོད་ཁང་གྲལ་སྟར་འགྲིག་པ་དང་ཀོག་ཧྥེ་ཡི་དྲི་ཞིམ་འཐུལ་ཞིང་། ལག་ཏུ་ཀོག་ཧྥེ་ཕོར་པ་བཟུང་བའི་གྲོང་མི་ཞུས་ཚུང་ཚུང་གིས“བཟོ་ལས་གྲོང་ཁྱེར་རྙིང་པར་འགྱུར་ལྡོག་ཆེན་པོ་ཕྱིན་འདུག”ཅེས་མྱོང་ཚོར་ཟབ་མོས་བརྗོད།

    སྤྱི་ལེ་ངོས་གྲུ་3.44ཡོད་པའི་ཁྲོམ་གཞུང་གི་སྡོད་ཁང་རྙིང་པ་སྔོན་མ་ལྟར་ཉམས་བཟོ་བྱས་ཡོད་ལ། ཀོག་ཧྥེ་བཏུང་ས་སོགས་སོས་དལ་དུ་སྡོད་སའི་གནས་མང་པོ་བསྐྲུན་ཡོད་པས། ན་ནིང་ཀྲུང་གོ་དང་ཕྱི་རྒྱལ་གྱི་ཡུལ་སྐོར་བ་མི་ཐེངས་ཁྲི་200ལྷག་ཙམ་སྤྲོ་གསེང་བྱེད་པར་སླེབས་ཡོད།

    ཧྲེན་དབྱང་གྲོང་ཁྱེར་ཧུང་མེ་རིག་གནས་གསར་གཏོད་གླིང་དུ་སྨན་སྣ་བཟོ་གྲྭ་རྙིང་པའི་ཚལ་སྙོལ་སའི་འཁོར་ཁང་དེ་ད་ཆ་སྒྱུ་རྩལ་འགྲེམས་སྟོན་ལྟེ་གནས་སུ་སྒྱུར་བཀོད་བྱས་ཡོད། ཏ་ལེན་གྲོང་ཁྱེར་ཏུང་ཀོན་ཁྲོམ་གཞུང་དུ་ཡུལ་སྐོར་བ་ལྕགས་ལམ་གློག་འཁོར་ལ་བསྡད་དེ་གནའ་ཉམས་དོད་པའི་མཁར་ཚོགས་དབུས་སུ་སྐྱོད་པ་དང་ཡིང་ཁོའུ་གྲོང་ཁྱེར་གྱི་ལེའོ་ཧོ་ཁྲོམ་གཞུང་རྙིང་པ་ནས་དེ་སྔའི་འཁྲུག་ཆ་དོད་པའི་རྣམ་པ་སླར་ཡང་མངོན། ལེའོ་ཉིང་གིས་ལོ་རྒྱུས་རིག་གནས་ཁྲོམ་གཞུང་ཉམས་བཟོ་དང་བེད་སྤྱོད་བྱེད་སྐབས་སྔོན་མའི་རྣམ་པ་སོར་འཇོག་བྱས་ཡོད།

    གྲོང་ཁྱེར་གསར་སྐྲུན་གྱི་ཞིང་ཆེན་རིམ་པའི་སྲོལ་ཡིག་བཀྲམ་པ་མ་ཟད། ས་འོག་མདོང་ལམ་ཞིབ་དཔྱད་ཚད་ལེན་སོགས་ས་གནས་ཀྱི་ཚད་གཞི་ཁག་50ལྷག་ཙམ་ཁྱབ་བསྒྲགས་བྱས་ཏེ་གྲོང་ཁྱེར་གྱི་སྒྲིག་ཆས་ལ་ཕྱོགས་ཡོངས་ནས་བརྟག་དཔྱད་བྱས། “ལོ་ལྔ་ཚན་བཅུ་བཞི་པའི”རིང་ལེའོ་ཉིང་གིས་གྲོང་ཁྱེར་གསར་སྐྲུན་གྱི་རྣམ་གྲངས་4401ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་1695བཏང་ནས་དཔལ་འབྱོར་འཕེལ་རྒྱས་དང་དམངས་འཚོ་འགན་ལེན་ལ་རམ་འདེགས་བྱས་ཡོད།

    “ལོ་ལྔ་ཚན་བཅོ་ལྔ་པ”འགོ་ཚུགས་སྐབས། ལེའོ་ཉིང་གིས་གྲོང་ཁྱེར་གསར་སྐྲུན་གྱི་རྣམ་གྲངས་ནུས་ཤུགས་ཡོད་རྒུས་འཆར་འགོད་དང་ལག་བསྟར་བྱས་ཏེ། ཡུག་ཁུལ་གསར་སྐྲུན་གཙོ་བོར་བཟུང་ནས་རིགས་ཁག་གི་ཆེད་དོན་གསར་སྐྲུན་སྤྱི་འདོམས་ལ་སྐུལ་འདེད་གཏོང་རྒྱུ་མ་ཟད། གྲོང་ཁྱེར་གསར་སྐྲུན་གྱི་སྲིད་ཇུས་འཐུས་སྒོ་ཚང་དུ་བཏང་ནས་རྣམ་གྲངས་དོན་འཁྱོལ་བྱ་རྒྱུ་ཡིན་པ་རེད།

    “སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཁྲིད་སྟོན་གནང་བའི་ཁ་ཕྱོགས་བརྒྱུད‘ལོ་ལྔ་ཚན་བཅོ་ལྔ་པའི’ཕྱོགས་སུ་འབད་འབུངས་བྱས་ཏེ་ལེའོ་ཉིང་གིས་བརྒྱུད་རིམ་ལྡན་པའི་བསམ་གཞིག་དང་གནད་དོན་གྱི་སྟོན་ཕྱོགས་ལ་བརྟེན་ནས། གྲོང་ཁྱེར་གསར་སྐྲུན་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ཏེ་གྲོང་ཁྱེར་གྱི་གྲུབ་ཆ་ལེགས་སྒྲིག་དང་། སྒུལ་ནུས་བརྗེ་སྒྱུར། སྤུས་ཚད་མཐོར་གཏོང་། ལྗང་མདོག་ཕྱོགས་སྒྱུར། རིག་རྒྱུན་འཛིན་སྐྱོང་། བཅོས་སྐྱོང་ཕན་འཕར་བཅས་ལ་སྐུལ་འདེད་ཤུགས་ཆེན་བཏང་ནས་ཀྲུང་གོའི་ཁྱད་ཆོས་ཀྱི་གྲོང་ཁྱེར་དེང་རབས་ཅན་གྱི་ལམ་བུ་གསར་པ་གཏོད་པར་སྟོབས་ཤུགས་སྐྱེས་སུ་འབུལ་གྱི་ཡིན”ཞེས་ལེའོ་ཉིང་ཞིང་ཨུད་ཀྱི་ཧྲུའུ་ཅི་ཞུས་ཁུན་ལིན་གྱིས་བརྗོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།