དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཡུལ་སྐོར་བ་འབྱོར་ཚད་མུ་མཐུད་འཕར་ནས་འགྲུལ་རྒྱུན་གྱི་གྲུབ་ཆ་སྔར་བས་སྣ་མང་ཅན་དུ་གྱུར་པ།

    ཡོ་རོབ་ཏུ“ཚབ་བྱེད་རང་བཞིན་གྱི་ཡུལ་སྐོར་དམིཌ་སའི”ཡིད་དབང་འགུཌ་ཤུཌ་མངོན་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  ཉིའུ་རུའེ་ཧྥེ།   |     སྤེལ་དུས།  2026-03-26

    འདི་ནི་ཟླ་3ཚེས་23ཉིན་ཡུལ་སྐོར་བས་པེར་ཀྲེམ་གྱི་པུ་རུ་སེར་ཐང་ཆེན་དུ་ལྟ་སྐོར་བྱེད་བཞིན་པ།

    ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱིས་ཉེ་ཆར་ཁྱབ་བསྒྲགས་བྱས་པའི《ཡོ་རོབ་ཡུལ་སྐོར་ལས་རིགས་ཀྱི་འཕེལ་ཕྱོགས་དང་མདུན་ལམ》ཞེས་པའི་སྙན་ཞུའི་ནང་སྔོན་དཔག་བྱས་པ་ལྟར་ན། གོ་ལ་ཧྲིལ་པོའི་ཡུལ་སྐོར་དགོས་མཁོ་རྒྱུན་མཐུད་ཆེ་རུ་ཕྱིན་པ་དང་བསྟུན་ནས་2026ལོར་ཡོ་རོབ་ཏུ་རྒྱལ་སྤྱིའི་ཡུལ་སྐོར་བ་འབྱོར་ཚད་སྔོན་དཔག་བྱས་ན་6%ནས་7%བར་འཕར་རྒྱུ་ཡིན་པ་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་བརྗོད་དོན། ཡོ་རོབ་ཀྱི་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཚང་བ་དང་། འགྲིམ་འགྲུལ་སྟབས་བདེ་བ། བདེ་འཇགས་ཀྱི་ཁོར་ཡུག་བལྟོས་བཅས་ཀྱིས་བརྟན་པོ་ཡོད་ཅིང་། གོ་ལ་ཧྲིལ་པོའི་ཡུལ་སྐོར་གནས་བབ་གཏན་འཁེལ་མེད་པའི་རང་བཞིན་མང་དུ་འགྲོ་བའི་རྒྱབ་ལྗོངས་འོག“ཚབ་བྱེད་རང་བཞིན་གྱི་ཡུལ་སྐོར་དམིགས་སའི”ཡིད་དབང་འགུགས་ཤུགས་སྔར་བས་མངོན་ཡོད་པ་རེད། དྲ་ཐོག་ཡུལ་སྐོར་ལས་སྟེགས་མང་པོའི་གྲངས་གཞི་ལས་མངོན་པར། དབྱི་ཐ་ལི་དང་། སི་ཕེན། ཧྥ་རན་སེ། ཀེ་རི་སེ་སོགས་སྲོལ་རྒྱུན་གྱི་ཡུལ་སྐོར་བ་མང་བའི་རྒྱལ་ཁབ་ཏུ་དཔྱིད་ཀ་དང་དབྱར་ཁའི་དུས་ཚིགས་ཀྱི་སྔོན་མངགས་བྱེད་ཚད་མགྱོགས་མྱུར་འཕར་བཞིན་ཡོད་པས་སྔོན་དཔག་བྱས་ན་2026ལོར་ཡོ་རོབ་ཀྱི་ཡུལ་སྐོར་ཁྲོམ་ར་བརྟན་པོའི་ངང་རྒྱ་སྐྱེད་རྣམ་པ་མངོན་རྒྱུ་རེད། ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱི་ཀྲུའུ་ཞི་སྨི་ཀེར·སང་སི་ཡིས་ཡོ་རོབ་ཀྱི་ཡུལ་སྐོར་དམིགས་སས་མིག་སྔའི་འཕེལ་ཕྱོགས་ཁོང་དུ་ཡག་པོ་ཆུད་པར་བྱས་ཏེ། ལོ་ཧྲིལ་པོའི་ཡུལ་སྐོར་ལ་སྐུལ་འདེད་གཏོང་བ་དང་ཡུལ་སྐོར་བ་སྡོད་ཡུན་རིང་དུ་བཏང་ནས་དཔལ་འབྱོར་གྱི་ཕན་འབྲས་དེ་བས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱེད་དགོས་ཞེས་བརྗོད་པ་རེད།

    མིག་སྔར་གནམ་གཤིས་ཀྱི་རྒྱུ་རྐྱེན་དང་མཛེས་ལྗོངས་ཁུལ་ཏུ་འཚང་ཁ་ཆེ་བའི་གནད་དོན་གྱིས་ཡུལ་སྐོར་བའི་ཕྱིར་སྐྱོད་གདམ་གར་འགྱུར་ལྡོག་འགྲོ་བཞིན་ཡོད་པ་དང་། ཡུལ་སྐོར་བ་ཚོས་ཡོ་རོབ་ཀྱི་ཡུལ་སྐོར་དམིགས་ས་གདམ་ག་བྱེད་སྐབས་སྲོལ་རྒྱུན་གྱི་གྲོང་ཁྱེར་ཁོ་ན་ཙམ་མི་འདེམས་ལ་ཕྱིར་སྐྱོད་ཀྱི་དུས་ཚོད་ཀྱང་གཅིག་སྡུད་བྱེད་ཀྱི་མེད། ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱིས་གསར་དུ་ཁྱབ་བསྒྲགས་བྱས་པའི་ཡུལ་སྐོར་འཕེལ་ཕྱོགས་ཀྱི་སྙན་ཞུ་ལས་ཡུལ་སྐོར་བ་ཚོས་ནུས་གོང་གཉིས་བསྡུར་དང་། སྐྱིད་སྣང་དོད་ཚད། ས་གནས་དེ་གའི་ཁྱད་ལྡན་ཡུལ་སྲོལ་ཉམས་ལེན་བཅས་དོན་གཉེར་བྱེད་ཀྱི་ཡོད་པ་མངོན་ཡོད། ཉི་འོད་དང་མཚོ་འགྲམ་ཁྱད་ཆོས་སུ་གྱུར་པའི་ས་དབུས་རྒྱ་མཚོའི་ལྷོ་རྒྱུད་ས་ཁུལ་གྱིས་ཡོ་རོབ་ཀྱི་དབྱར་དུས་ཀྱི་འགྲུལ་རྒྱུན་འཕར་རྒྱུར་འདེགས་སྐྱོར་བྱེད་ཀྱི་ཡོད་པ་དང་། ཕོ་ལན་དང་ཧང་ག་རི་སོགས་ཡོ་རོབ་དབུས་ཤར་རྒྱལ་ཁབ་ཀྱིས་རིན་གོང་གི་ལེགས་ཆར་བརྟེན་ནས་ཡུལ་སྐོར་བའི་ཡིད་དབང་འགུགས་པ། ནམ་ཟླ་བསིལ་ཞིང་རང་བྱུང་གི་ཡུག་ལྗོངས་མཛེས་པ་ནི་ནོར་ཝེ་དང་འཁྱགས་གླིང་སོགས་ཡོ་རོབ་བྱང་མའི་རྒྱལ་ཁབ་ཀྱིས་ཡུལ་སྐོར་བའི་ཡིད་དབང་འགུགས་པའི་རྒྱུ་རྐྱེན་གཙོ་བོ་ཞིག་ཏུ་གྱུར་ཡོད། བརྟག་དཔྱད་ལས་མངོན་པར་གཞིགས་ན། ཡོ་རོབ་ཀྱི་ཡུལ་སྐོར་བ་དེ་བས་མང་བས་ཕྱིར་སྐྱོད་དུས་ཚོད་འགྱུར་ལྡོག་བཏང་ནས་མི་ཚོགས་དང་ཚ་བ་ཆེ་སྒང་ལས་གཡོལ་གྱི་ཡོད་པ་རེད།

    ལག་རྩལ་གསར་པས་ཀྱང་ཡུལ་སྐོར་བའི་ཕྱིར་སྐྱོད་བཀོད་སྒྲིག་ལ་འགྱུར་ལྡོག་གཏོང་བཞིན་ཡོད། ཡོ་རོབ་ཡུལ་སྐོར་ཨུ་ལྷན་གྱི་སྙན་ཞུར་གཞིགས་ན། 2025ལོའི་དུས་ཚིགས་གསུམ་པར་ཡོ་རོབ་ཏུ་འབྱོར་བའི་ཡུལ་སྐོར་བའི་ཁྲོད་18%ཀྱི་མི་ཐབས་རིག་ནུས་ལ་བརྟེན་ནས་ཡུལ་སྐོར་འཆར་གཞི་བཀོད་མྱོང་ཡོད་པ་དེས་ཡུལ་སྐོར་དམིགས་ས་ཁག་གིས་འགྲུལ་པ་ཉུང་དུས་དང་མང་དུས་འགྲུལ་རྒྱུན་དེ་བས་དོ་སྙོམས་ཡོང་བར་རམ་འདེགས་ཐུབ་ཡོད། འཕེལ་ཕྱོགས་དེ་གཞོན་ནུའི་ཁྲོད་དེ་བས་མངོན་གསལ་དོད་པ་དང་། དེའི་ནང་ཀྲུང་གོའི་ཡུལ་སྐོར་བས་མི་ཐབས་རིག་ནུས་སྤྱོད་ཚད་མཐོ་ཤོས་ཡིན་པ་རེད། ལས་རིགས་ནང་ཁུལ་གྱི་མི་སྣས་ཀྲུང་གོའི་ཡུལ་སྐོར་བ་སྔར་བས་མང་བས་རང་གཤིས་ཅན་དང་ཉམས་ལེན་རྣམ་པའི་ཡུལ་སྐོར་ལམ་ཐིག་ལ་དེ་བས་དགའ་པོ་བྱེད་ཀྱི་ཡོད་པའི་ངོས་འཛིན་བྱས་པ་རེད། སྨི་ཀེར·སང་སི་ཡིས་ཡུལ་སྐོར་བའི་དགའ་ཕྱོགས་ཟམ་མི་ཆད་པར་འགྱུར་ལྡོག་འགྲོ་བ་དང་བསྟུན་ནས་ཡོ་རོབ་ཀྱིས་ཁྱད་ཆོས་ལྡན་པ་དང་ཉམས་ལེན་རྣམ་པའི་ཡུལ་སྐོར་ལ་དམིགས་ནས་སྤུས་རྟགས་གཏོད་དགོས་པ་མ་ཟད། གོ་ལ་ཧྲིལ་པོའི་ཡུལ་སྐོར་ཁྲོམ་རའི་ཁྲོད་ཀྱི་ཡོ་རོབ་ཀྱི་ངེས་གནས་ཁ་གསལ་བཟོ་དགོས་ཞེས་བརྗོད་པ་རེད།

    (འདི་ག་ཚགས་པར་ཁང་དུ་གྲོང་ཁྱེར་པུ་རུ་སེར་ནས་ཟླ་3ཚེས་23ཉིན་འབྱོར་བའི་གློག་འཕྲིན)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།