ཀྲུང་གོར་བཅའ་སྡོད་གཞུང་ཚབ་པས་ཀྲུང་གོའི་ཤིན་ཅང་གི་འཕེལ་རྒྱས་གྲུབ་འབྲས་སྐོར་མཉམ་དུ་གླེང་བ།
ཉེ་ཆར། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱིས་པེ་ཅིང་དུ་ཀྲུང་གོར་བཅའ་སྡོད་འབྲེལ་ཡོད་རྒྱལ་ཁབ་ཀྱི་གཞུང་ཚབ་པའི་སྤེལ་རེས་ཚོགས་འདུ་འཚོགས་པ་དང་། རྒྱལ་ཁབ་40ཡི་ཀྲུང་གོར་བཅའ་སྡོད་གཞུང་ཚབ་ཆེ་མོ་བ་དང་། ཕྱི་འབྲེལ་དཔོན། འབྲེལ་ཡོད་རྒྱལ་སྤྱིའི་རྩ་འཛུགས་ཀྱི་འཐུས་མི་བཅས་ཞུགས་ཡོད་པ་རེད། ཚོགས་ཞུགས་སྐུ་མགྲོན་ཚོས་ཚོགས་འདུའི་ཐོག་ཀྲུང་གོའི་ཤིན་ཅང་དུ་འཚམས་འདྲི་བྱས་པའི་མཐོང་ཐོས་དང་མྱོང་ཚོར་སྤེལ་རེས་བྱས་པ་དང་། ཀྲུང་གོའི་ཤིན་ཅང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་དང་འགྲོ་བ་མིའི་ཐོབ་ཐང་འགན་སྲུང་གི་གྲུབ་འབྲས་མཉམ་དུ་གླེང་བ་མ་ཟད། དུས་རབས་གསར་པའི་ཀྲུང་གོའི་ཤིན་ཅང་གི་གཏམ་རྒྱུད་མཉམ་སྤྱོད་དང་། མཛའ་གྲོགས་ཟབ་ཏུ་འགྲོ་བའི་སྐོར་གླེང་ཡོད།
ཧྲང་ཧའེ་མཉམ་ལས་རྩ་འཛུགས་ཀྱི་དྲུང་ཆེ་གཞོན་པ་སུའོ་ཧེར·ཧན་གྱིས། ཤིན་ཅང་ཡུ་གུར་རང་སྐྱོང་ལྗོངས་ཀྱི་འགྲིམ་འགྲུལ་གྱི་རྨང་གཞིའི་སྒྲིག་བཀོད་འཕེལ་རྒྱས་ཀྱི་གྲུབ་འབྲས་ལ་ཚད་མཐོའི་གདེང་འཇོག་བྱས་ཤིང་། ཁོང་གིས་མཐའ་མཚམས་འགག་སྒོ་དེང་རབས་ཅན་གྱི་སྒྱུར་བཀོད་དང་དེ་བཞིན་སྐྱེལ་འདྲེན་བགྲོད་ལམ་གསར་པ་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ་དེས་ཤིན་ཅང་དེ་ཉིད་ཡོ་རོབ་དང་ཨེ་ཤེ་ཡའི་ཟོག་འགྲུལ་གྱི་འགག་རྩའི་ལྟེ་གནས་སུ་འགྱུར་བཞིན་ཡོད་ཅེས་བརྗོད།
ཀྲུང་གོར་བཅའ་སྡོད་ཁ་མེ་རོང་གི་གཞུང་ཚབ་ཆེ་མོ་བ་མཱ་ཏིང·མུའུ་པ་ནཱ་ཡིས། ཤིན་ཅང་གིས་བྱེ་ཐང་ཞིང་ལས་དང་བསྐྱར་སྐྱེས་ཐུབ་པའི་ནུས་རྒྱུ་འཕེལ་རྒྱས་གཏོང་བ་སོགས་ཐད་བསགས་པའི་ཉམས་མྱོང་ཕུན་སུམ་ཚོགས་པོ་དེས་ཁ་མེ་རོང་ལ་རྩ་ཆེའི་དཔྱད་གཞི་མཁོ་འདོན་བྱས་ཡོད་ཅེས་བརྗོད།
སྤེལ་རེས་ཚོགས་འདུ་མ་འཚོགས་གོང་། སྐུ་མགྲོན་ཚོས་ཤིན་ཅང་གི་ལོ་རྒྱུས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་འགྲེམས་སྟོན་ལ་ལྟ་སྐོར་བྱས་པ་རེད། གསོན་ཉམས་ལྡན་པའི་བརྙན་པར་དག་ལས་ཤིན་ཅང་གི་ལོ་རྒྱུས་འཕོ་འགྱུར་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ཕན་འབྲས་ལེགས་པ་མངོན་ཐུབ་ནས་སྐུ་མགྲོན་ཚོའི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།
འབྲེལ་ཡོད་གསར་འགྱུར།