དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ལྷན་གྱིས་ཚོགས་འདུ་ཐེངས་བཅུ་བདུན་པ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-26

    ཉེ་ཆར། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་ཚོགས་འདུ་ཐེངས་བཅུ་བདུན་པ་ཧ་ནོ་དབྱི་རུ་འཚོགས་ཤིང་། ཀྲུང་གུང་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་ཨུ་ཡོན་དང་ཕྱི་འབྲེལ་པུའི་པུའུ་ཀྲང་ཝང་དབྱིས་ཝེ་ཐེ་ནམ་གྱི་ཙུང་ལི་གཞོན་པ་ཕེ་ཆིང་ཧྲན་དང་མཉམ་དུ་གཙོ་སྐྱོང་གནང་བ་དང་། ཕྱོགས་གཉིས་པོའི་པུའུ་ཨུད་མང་པོ་དང་ས་གནས་དང་། ཞིང་ཆེན། ཆུས་བཅས་ཀྱི་འགན་འཁུར་བ་དྲ་ཐོག་དང་དྲ་ཕྱི་ནས་ཚོགས་འདུར་ཞུགས་ཡོད་པ་རེད།

    ཝང་དབྱི་ཡིས་གསུངས་དོན། ཀྲུང་གོ་དང་ཝེ་ཐེ་ནམ་ཕྱོགས་གཉིས་པོའི་མཉམ་ལས་མཛུབ་ཁྲིད་ཨུ་ལྷན་ལ་སྲོལ་རྒྱུན་བཟང་པོ་ལྡན་ཡོད། ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་པའི་འཐབ་ཇུས་ཀྱི་མཛུབ་ཁྲིད་འོག རྒྱལ་ཁབ་གཉིས་པོའི་ཁྱབ་ཁོངས་ཁག་གི་དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏོང་ཆེད་མེད་དུ་མི་རུང་བའི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་བཏོན་ཡོད། གོམ་སྟབས་རྗེས་མར་ཕྱོགས་གཉིས་པོས་འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་བྱེད་ཤུགས་ཆེ་རུ་གཏོང་བ་དང་མཐོ་རིམ་འགྲོ་འོང་རྒྱུན་འཁྱོངས་ཀྱིས་ཏང་དབར་དང་། སྡེ་ཚན། ཁྲིམས་འཛུགས་སྒྲིག་གཞི། ས་གནས་སྲིད་གཞུང་སོགས་ཀྱི་ཐབས་ལམ་གྱི་ནུས་པ་བཏོན་ནས་ཕྱོགས་གཉིས་པོའི་ལྟེ་བའི་ཁེ་ཕན་ལ་རྒྱབ་སྐྱོར་བྱེད་དགོས། བདེ་འཇགས་མཉམ་ལས་ཀྱི་ནང་དོན་ཕུན་སུམ་ཚོཌ་སུ་བཏང་ནས“3+3”གྱི་པུའུ་ཀྲང་རིམ་པའི་ཚོགས་འདུའི་གྲུབ་འབྲས་དོན་འཁྱོལ་ཡག་པོ་བྱས་ཏེ་འཇིགས་སྐུལ་ལ་ངོ་རྒོལ་དང་། གློག་འཕྲིན་ཁ་བསླུས་ལ་རྡུང་རྡེག རྒྱལ་སྲུང་བདེ་འཇགས་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་གཏིང་ཟབ་ཏུ་གཏོང་དགོས། དངོས་སྒྲུབ་མཉམ་ལས་རྒྱ་ཆེར་གཏོང་བ་དང་ལྕགས་ལམ་ཕན་ཚུན་སྦྲེལ་མཐུད་ལ་སྐུལ་འདེད་བཏང་ནས་ཞིང་ལས་དང་། གློག་ཤུགས། དངུལ་རྩ། གཏེར་རྫས་གལ་ཆེན། ཚན་རྩལ་གསར་གཏོད་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ལ་ཤུགས་སྣོན་བརྒྱབ་སྟེ་ཐུན་མོང་ཐོག་ཕྱོགས་མང་ཚོང་དོན་སྒྲིག་སྲོལ་སྲུང་སྐྱོང་བྱེད་དགོས། མི་ཆོས་རིག་གནས་སྤེལ་རེས་ཧུར་ཐག་བྱེད་པ་རྒྱུན་འཁྱོངས་བྱས་ཏེ“གསར་བརྗེར་ཞིབ་འཇུག་སློབ་སྦྱོང་བྱེད་པ”དང་ཡུལ་སྐོར་མཉམ་ལས་ལོ་སོགས་ཀྱི་སྤུས་རྟགས་བྱེད་སྒོ་ཡག་པོ་གཉེར་ནས་སྨྱན་སྦྱོར་དང་། གསར་འགྱུར་དཔེ་སྐྲུན། རླུང་འཕྲིན་གློག་བརྙན་བརྙན་འཕྲིན་བཅས་ཀྱི་མཉམ་ལས་ལ་སྐུལ་འདེད་གཏོང་དགོས། མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་བྱེད་ཤུགས་ཆེ་རུ་བཏང་ནས་མཚོ་ཐོག་མཉམ་ལས་ལ་སྐུལ་འདེད་བཏང་སྟེ“ལྷོ་རྒྱ་མཚོའི་བྱ་སྤྱོད་ཚད་གཞི”སྔ་ཙམ་ཆགས་པའི་བརྩོན་ལེན་བྱེད་དགོས། ཕྱོགས་མང་མཉམ་ལས་གཏིང་ཟབ་ཏུ་བཏང་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་གནས་བབ་ཐུན་མོང་ཐོག་སྲུང་སྐྱོང་བྱེད་པ་དང་། གོ་ལ་ཧྲིལ་པོའི་གྲོས་འགོ་ཆེན་པོ་བཞི་ལག་ལེན་བསྟར་བ། འདི་ལོ་དང་སང་ལོའི་ཨེ་ཤེ་ཡ་དང་ཞི་བདེ་རྒྱ་མཚོ་ཆེན་པོ་ཁུལ་གྱི་དཔལ་འབྱོར་མཉམ་ལས་རྩ་འཛུགས་ཀྱི་ཚོགས་འདུ་མུ་མཐུད་ཡག་པོ་གཉེར་བ་བཅས་བྱས་ཏེ། དེ་བས་གཞུང་དྲང་ལུགས་མཐུན་གྱི་གོ་ལ་ཧྲིལ་པོའི་བཅོས་སྐྱོང་མ་ལག་བསྐྲུན་རྒྱུར་སྐུལ་འདེད་གཏོང་དགོས།

    ཕེ་ཆིང་ཧྲན་གྱིས་ཀྲུང་གོའི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་གྲུབ་འབྲས་ཆེན་པོ་ཐོབ་པར་སྨོན་འདུན་ཞུས་ཤིང་། ཁོང་གིས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆེས་མཐོའི་འགོ་ཁྲིད་སྐུ་ངོ་མའི་མཛུབ་ཁྲིད་འོག ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བའི་འཕེལ་ཕྱོགས་ཡག་པོ་ཡོད་ལ་གཡུར་ཟའི་གྲུབ་འབྲས་ཀྱང་ཐོབ་ཡོད། ཕྱོགས་གཉིས་པོའི་མཐོ་རིམ་དབར་འབྲེལ་གཏུག་ཡང་ཡང་བྱེད་པ་དང་། ཆབ་སྲིད་ཐད་ཕན་ཚུན་ཡིད་ཆེས་བྱེད་ཚད་ཟམ་མི་ཆད་པར་ཆེ་རུ་ཕྱིན་པ། དངོས་སྒྲུབ་མཉམ་ལས་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། དམངས་ཁྲོད་ཀྱི་ས་གནས་དབར་སྤེལ་རེས་ཉིན་བཞིན་བྱེད་མང་དུ་འགྲོ་བ་བཅས་ཀྱིས་རྒྱལ་ཁབ་གཉིས་པོའི་མི་དམངས་ལ་དངོས་དངོས་རྗེན་རྗེན་གྱི་བདེ་རྩ་བསྐྲུན་ཡོད། ཝེ་ཐེ་ནམ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་འདི་ཉིད་ཕྱི་ཕྱོགས་སྲིད་ཇུས་ཀྱི་གལ་ཆེ་ཤོས་དང་འཐབ་ཇུས་ཀྱི་གདམ་ག་ཡག་ཤོས་སུ་བརྩི་ཡི་ཡོད་ལ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་ལག་ལེན་བསྟར་བ་དང་རྣམ་པ་གང་རུང་གི“ཐའེ་དབན་རང་བཙན”གྱི་ཁ་ཕྲལ་བྱེད་སྤྱོད་ལ་ངོ་རྒོལ་བྱེད་ཀྱི་ཡོད། ཝེ་ཐེ་ནམ་ཕྱོགས་ཀྱིས་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་གོམ་སྟབས་རྗེས་མའི་མཉམ་ལས་ཀྱི་བསམ་ཕྱོགས་ལ་མོས་མཐུན་ཡོད། ཝེ་ཐེ་ནམ་དང་ཀྲུང་གོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་མཉམ་ལས་རོགས་ཟླའི་འབྲེལ་བའི་ངེས་གནས་མཐའ་འཁྱོངས་དང་། འཐབ་ཇུས་ཐད་ཕན་ཚུན་ཡིད་ཆེས་སྔར་བས་བརྟན་དུ་གཏོང་བ། མཐོ་རིམ་དབར་འགྲོ་འོང་ལ་གྲ་སྒྲིག་ཡག་པོ་བྱེད་པ། ཏང་དབར་དང་གྲོས་ཚོགས་དབར་གྱི་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། རྒྱལ་སྲུང་བདེ་འཇགས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། དཔལ་འབྱོར་ཚོང་དོན་དང་། ཞིང་ལས། དངུལ་རྩ། ལྗང་མདོག་ནུས་རྒྱུ། མི་ཆོས་རིག་གནས་སློབ་གསོ་སོགས་ཀྱི་གཉིས་ཕན་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཐུན་སྦྱོར་གཞོགས་འདེགས་བྱེད་ཟབ་ཏུ་གཏོང་བ། མི་མཐུན་པའི་ཕྱོགས་ལ་དོ་དམ་ཚོད་འཛིན་འོས་འཚམ་བྱེད་པ་བཅས་བྱས་ནས་ཝེ་ཐེ་ནམ་དང་ཀྲུང་གོའི་འབྲེལ་བ་སྔར་བས་གཏིང་ཟབ་ཏུ་གཏོང་འདོད་ཡོད་ཅེས་གསུངས་པ་རེད།

    ཕྱོགས་གཉིས་པོས་མཛུབ་ཁྲིད་ཨུ་ཡོན་ལྷན་ཁང་གི་སྤྱི་འདོམས་མཐུན་སྦྱོར་གྱི་ནུས་པ་མུ་མཐུད་ཡག་པོ་བཏོན་ཏེ་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་འབྲེལ་བའི“དེ་བས་དྲུག”གི་སྤྱིའི་དམིགས་ཚད་ལ་དམིགས་ནས་ཁྱབ་ཁོངས་ཁག་གི་མཉམ་ལས་ཀྱི་ཐུན་མོང་ངོས་འཛིན་གསེད་བཀྲོལ་དང་སྐུལ་འདེད་བཏང་སྟེ་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་གོ་དང་ཝེ་ཐེ་ནམ་གྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་སྐྱོང་རྒྱུན་ཆད་མེད་པར་སྐས་རིམ་གསར་པར་སླེབས་རྒྱུར་སྐུལ་འདེད་གཏོང་རྒྱུའི་མོས་མཐུན་མགྲིན་གཅིག་ཏུ་བྱས་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།