དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • “ཉལ་ཁྲི་གསུམ”ནས“ཐོག་ཁང་གསུམ”བར་གྱི་འཕོ་འགྱུར།

    —— བགྲེས་སོང་བཀྲ་འབྲུག་ཁྱིམ་གྱི་དམངས་སྲོལ་གནས་ཚང་གི་འཕོ་འགྱུར་སྐོར་བཀོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-26

    བགྲེས་སོང་བཀྲ་འབྲུག་ཁྱིམ་གྱི་སྒོ་རའི་ནང་དུ་སྐྲུན་དུས་གཅིག་པ་མིན་པའི་བོད་བཟོའི་དམངས་སྲོལ་གནས་ཚང་ཐོག་ཁང་མཐོ་དམན་མི་འདྲ་བ་གསུམ་ཡོད།

    སྒོ་རའི་ནང་དུ་སླེབས་མ་ཐག དབུས་སུ་གནའ་བོའི་ཁམ་སྡོང་ཆེན་པོ་ཞིག་སྐྱེས་པ་དང་། དེའི་མཐའ་འཁོར་དུ་རྡོ་དང་ཤིང་ལས་གྲུབ་པའི་དམངས་སྲོལ་གནས་ཚང་ཐོག་ཁང་གསུམ་བསྐྲུན་འདུག ཁང་པའི་གྱང་ལྡེབས་སུ་བོད་ཀྱི་ཁྱད་ཆོས་ལྡན་པའི་རི་མོ་བྲིས་ཡོད་ཅིང་། དམངས་སྲོལ་གནས་ཚང་ནས་རྒྱང་ལྟ་བྱེད་སྐབས་བརྗིད་ཆགས་ལྡན་པའི་གངས་རི་འདྲེན་བྱེད་ཀྱི་ཡུལ་དུ་འཆར་འོངས།

    ལོ་61ལ་སླེབས་པའི་བཀྲ་འབྲུག་གིས་ཁང་པར་མཛུབ་མོ་འཛུགས་བཞིན་དུ“ང་ཚོའི་ནང་གི་དམངས་སྲོལ་གནས་ཚང་ལ་དང་ཐོག་ཉལ་ཁྲི་གསུམ་ལས་མེད་ནའང་ད་ཆ་ཐོག་ཁང་གསུམ་ལ་འགྱུར་ཡོད”ཅེས་བཤད་ཅིང་། ཁོང་གིས་མུ་མཐུད་དུ་འདས་དོན་བརྗོད་པ་དང་བསྟུན་ནས་གསར་འགོད་པའི་མིག་ལམ་དུ་དམངས་སྲོལ་གནས་ཚང་གི་ལོ་རྒྱུས་དེབ་ཐེར་ཞིག་དལ་གྱིས་ཁ་ཕྱེ་འོངས།

    2004ལོར་བསྐྲུན་པའི་དམངས་སྲོལ་གནས་ཚང“རབས་དང་པོ”ནི་སྟབས་བདེའི་རྡོ་རྩིག་ཁང་པ་ཞིག་ཡིན་པ་དང་། ཁང་མིག་1དང་ཉལ་ཁྲི་3ལས་མེད་ཅིང་། དེ་ནི་སྔོན་ཆད་བཀྲ་འབྲུག་ཁོང་རང་ཉིད་སྡོད་སའི་ཁྱིམ་ཡིན་པ་རེད།

    2008ལོར་བོད་ཀྱི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་ལ་རྒྱུན་མཐུད་ངང་སྐུལ་འདེད་བཏང་བ་དང་། ཀ་གནམ་གྲོང་ཚོའི་ཕྱིར་སྐྱོད་པའི་གཞུང་ལམ་དུ་ཨར་འདམ་བཏིངས་བ་དང་བསྟུན་ནས། སྤོ་བོ་རྫོང་གི་ཁམ་བུའི་མེ་ཏོག་རོང་གི་མཛེས་ལྗོངས་ཡང་ཡུལ་དེ་གའི་མི་ཁོ་ནས་མྱོང་རོལ་བྱེད་པ་ནས་རིམ་བཞིན་མི་དེ་བས་མང་བའི་ལུས་སེམས་ཀྱི་ལོངས་སྤྱོད་དུ་གྱུར་ཞིང་། ཡུལ་སྐོར་བ་དེ་བས་མང་བ་ཀ་གནམ་གྲོང་ཚོར་ཡོང་བ་དང་སྦྲགས། ལོ་དེར་བཀྲ་འབྲུག་ལའང་རྫོང་ནས་དམངས་སྲོལ་གནས་ཚང་གཉེར་བར་མཁོ་བའི་ཉལ་ཁྲི་གསུམ་སྤྲད་པ་རེད།

    “ཀ་གནམ་གྲོང་ཚོར་ཡུལ་སྐོར་བ་ཇེ་མང་དུ་འགྲོ་བའི་གནས་ཚུལ་ལ་གཞིགས་ཏེ། རྫོང་ནས་དེར་དམངས་སྲོལ་གནས་ཚང་འཛུགས་པའི་ཚོད་ལྟ་བྱས་སོང་། ངས་ཀྱང་སྐབས་དེར་དམངས་སྲོལ་གནས་ཚང་ཟེར་བའི་ཐ་སྙད་དེའི་གོ་དོན་ཐོག་མར་ཤེས་བྱུང”ཞེས་བཀྲ་འབྲུག་གིས་བཤད། སྐབས་དེ་དུས་བཀྲ་འབྲུག་ལ་དམངས་སྲོལ་གནས་ཚང་སྐྲུན་པའི་འབྱོར་འཁོས་མེད་སྟབས་རང་ཁྱིམ་གྱི་ཁང་པ་སྟོང་པ་ཞིག་ཏུ་ཉལ་ཁྲི་གསུམ་རང་ལས་མེད། དེ་ནི་བཀྲ་འབྲུག་གི་དམངས་སྲོལ་གནས་ཚང“རབས་དང་པོ”ཡི་འགོ་འཛུགས་ས་ཞིག་རེད།

    མ་གཞི་དཀའ་ངལ་དང་མི་འདང་བའི་ཆ་མང་པོ་ཡོད་རུང་། ཁམ་བུའི་མེ་ཏོག་རོང་དང་། ཀ་གནམ་མཚོ། གངས་རི་སོགས་མཛེས་སྡུག་ལྡན་པའི་རང་བྱུང་མཛེས་ལྗོངས་ཀྱིས་ཡུལ་སྐོར་བ་མང་པོའི་ཡིད་དབང་བཀུགས་ཤིང་། དེ་ལས་བཀྲ་འབྲུག་གི་ཁྱིམ་ལ་ལོ་རེར་ཡོང་འབབ་སྒོར་7000ལྷག་ཙམ་ཡོང་གི་ཡོད་པ་དང་། ད་དུང་ཕྱིར་གླ་པར་སྐྱོད་པ་དང་ནགས་ཁྲོད་ཐོན་ཁུངས་འཐུ་བ་སོགས་ཀྱི་ཡོང་འབབ་སྒོར་ཁྲི་5ཙམ་ཡོད། “སྐབས་དེ་དུས་ངས་དམངས་སྲོལ་གནས་ཚང་མུ་མཐུད་གཉེར་དགོས་པའི་བསམ་བློ་འཁོར་བྱུང”ཞེས་བཀྲ་འབྲུག་གིས་བཤད།

    སྤོ་བོར་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བ་དང་བསྟུན་ནས། ཡུལ་སྐོར་ལ་ཡོང་མཁན་ཡང་མང་དུ་ཕྱིན་པས། “ཡུལ་སྐོར་བར་ཟ་སྡོད་ཀྱི་མཐུན་རྐྱེན་ཡག་པོ་ཞིག་སྐྲུན་ཆེད། ང་ལ་དམངས་སྲོལ་གནས་ཚང་རྒྱ་ཆེ་རུ་གཏོང་རྒྱུའི་བསམ་བློ་འཁོར་བྱུང”ཞེས་བཀྲ་འབྲུག་གིས་བཤད། 2013ལོར་བཀྲ་འབྲུག་གིས་ཤིང་རྒྱུ་གཙོ་བོར་བྱས་པའི་དམངས་སྲོལ་གནས་ཚང“རབས་གཉིས་པ”བསྐྲུན་ཞིང་། དེར་ཁང་མིག་5དང་ཉལ་ཁྲི་12ཡོད་པ་དང་། ཡང་2015ལོར་དམངས་སྲོལ་གནས་ཚང“རབས་གསུམ་པ”བསྐྲུན་ཞིང་། དེར་ཁང་མིག་21དང་ཉལ་ཁྲི་46ཡོད་པ་རེད།

    ད་ཆ་བཀྲ་འབྲུག་གི་དམངས་སྲོལ་གནས་ཚང་དུ་ལོགས་སུ་བཟོས་པའི་གཟུགས་པོ་བཀྲུ་ས་དང་གསང་སྤྱོད་དང་། དཀར་ཆ་དོད་པའི་གློག་སྒྲོན། དེང་རབས་ཅན་གྱི་ཐབ་ཚང་སོགས་མཁོ་ཆས་གང་དགོས་འཛོམས་ཡོད།

    “ད་ཆ་ཁང་པ་ཚང་མར་གཟུགས་པོ་བཀྲུ་ས་དང་གསང་སྤྱོད་ལོགས་སུ་བཟོས་ཡོད་ལ། ཆུ་ཚ་པོ་ཉིན་མཚན་མེད་པར་ཡོད། ཁ་ལག་ཐད་སྐུ་མགྲོན་སོ་སོས་བཟོས་ན་ཆོག་ལ། ང་ཚོའི་བོད་ཟས་ཁང་དུ་ཟ་བར་ཡོང་ནའང་ཆོག་གི་ཡོད”ཅེས་བཀྲ་འབྲུག་གིས་འཛུམ་དམུལ་དམུལ་ངང་བཤད་པ་དང་། ཁོང་གིས“ད་ཆ་ང་ཚོའི་ཁྱིམ་ལ་དམངས་སྲོལ་གནས་ཚང་གཅིག་པུ་ནས་ལོ་རེར་ཡོང་འབབ་སྒོར་ཁྲི་40འདུག་པས། སྔོན་མ་ནང་བཞིན་རི་ལ་རྩ་སྨན་བཀོག་པ་དང་ཕྱིར་གླ་པ་རྒྱུག་པར་འགྲོ་དགོས་ཀྱི་མི་འདུག”ཅེས་བཤད།

    སྒོ་རྩ་ནས་བྱུང་བའི་ཡོང་འབབ་ནི་བཀྲ་འབྲུག་ཁྱིམ་ཁོ་ནར་ཡོད་པ་ཞིག་མིན་ཞིང་། གསར་འགོད་པར་ཤེས་རྟོགས་བྱུང་བར་གཞིགས་ན། སྤོ་བོ་རྫོང་གིས་སྤོ་བོའི་ཁམ་བུའི་མེ་ཏོག་རོང་དང་བོད་ལྗོངས་ཀ་གནམ་རྒྱལ་ཁབ་འདམ་རའི་སྤྱི་གླིང་སོགས་སྤུས་རྟགས་མུ་མཐུད་བཏོད་དེ། ཕུན་སུམ་ཚོགས་པའི་ཡུལ་སྐོར་ཐོན་ཁུངས་དེ་ས་གནས་དེ་གའི་མང་ཚོགས་ཕྱུག་འགྱུར་གྱི་ཁེ་སྤོགས་སུ་འགྱུར་བར་བྱས་ཁར། ཁྱིམ་ཚང་མགྲོན་ཁང་འཕེལ་རྒྱས་བཏང་བ་མ་ཟད། རྟ་ཞོན་པ་དང་། སྣེ་ཤན་པ། ཚ་ཕོག་རྒྱག་པ་སོགས་ཀྱི་ལས་ཀྱང་གཉེར་ནས་གྲོང་མི་དེ་བས་མང་བར་ཁྱིམ་གྱི་སྒོ་རྩ་ནས་ཡོང་འབབ་གསོག་ཐུབ་པར་བྱས་དང་བྱེད་བཞིན་ཡོད་པ་རེད།

    གྲངས་གཞི་ལས་མངོན་པར། 2025ལོར་སྤོ་བོ་རྫོང་དུ་ཁྱིམ་ཚང་མགྲོན་ཁང་213ཡོད་པ་དང་། གསོལ་མགྲོན་ཁང་དང་། མཛེས་ལྗོངས་ཁུལ། ཁྱིམ་ཚང་མགྲོན་ཁང་། སྒེར་འཁོར་སྒར་ས་བཅས་ཀྱིས་ཡུལ་སྐོར་བ་མི་ཐེངས་ཁྲི་313ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་29.72ཟིན་ཡོད་པ་རེད།

    དཔྱིད་ཟླ་3པར་བགྲེས་སོང་བཀྲ་འབྲུག་ཁྱིམ་གྱི་སྒོ་རའི་ནང་གི་གནའ་བོའི་ཁམ་སྡོང་དེར་ཁམ་བུའི་མེ་ཏོག་གི་འདབ་བརྒྱ་ལྷུག་པོར་གྲོལ་ནས་ཡོད། སྔོན་ཆད་ཀྱི“ཉལ་ཁྲི་གསུམ”ནས་ད་ཆའི“ཐོག་ཁང་གསུམ”བར་ལོ་ཟླའི་འགྲོས་དང་བསྟུན་ནས་བགྲེས་སོང་བཀྲ་འབྲུག་གི་ཁྱིམ་གྱི་འཚོ་བར་འཕོ་འགྱུར་ཆེན་པོ་བྱུང་ཡོད།

    (ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་ཟླ་3ཚེས་23ཉིན་འབྱོར་བའི་གློག་འཕྲིན་གཞིར་བཟུང)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།