དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • ས་མཐོའི་འཁྱགས་རོམ་སྟེང་གི་སེམས་ཁམས་ཀྱི་འགྲུལ་བཞུད་ཐེངས་ཤིག

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།  དབྱིན་ཧུང་།   |     སྤེལ་དུས།  2026-03-26

    འདི་ནི་གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རིའི》བརྡ་སྦྱོར་ཡིན་པ།

    གློག་བརྙན《རྒྱང་རིང་གི་བུ་རོགས་གངས་རི》ཞེས་པས་བོད་སྐྱོར་བུད་མེད་ལས་བྱེད་པ་ཐུང་ཞའོ་ཧྥན་གྱི་གཏམ་རྒྱུད་བརྗོད་བྱ་གཙོ་བོར་བྱས་ནས། བོད་ཀྱི་ལོ་རྒྱུས་རང་བཞིན་གྱི་འཕོ་འགྱུར་ཆེན་པོ་གླེང་བ་དང་། འཕོ་འགྱུར་ཆེན་པོ་དེའི་ཁྲོད་ལས་བྱེད་པ་དང་མང་ཚོགས་ཀྱིས་འབད་བརྩོན་ལྷོད་མེད་བྱས་པའི་གནས་ཚུལ་མཚོན་པ་མ་ཟད། མི་རིགས་ཁག་གི་མི་དམངས་ཀྱི་གཅིག་སེམས་གཅིག་གཏད་དང་ཉ་ཆུ་ལྟ་བུའི་བརྩེ་བ་ཟབ་མོའང་མངོན་ཡོད།

    ཆ་སྙོམས་ས་བབ་མཐོ་ཚད་སྨི་5000ལྷག་ཙམ་ཟིན་པའི་མཚོ་གཉིས་རྫོང་དུ་ལྷོ་སྣེ་བྱང་སྣེ་ཕུད་པའི་འཛམ་གླིང་ཐོག་གི་སྐམ་སའི་འཁྱགས་ཁེབས་ཆེ་ཤོས་བུ་རོགས་གངས་རི་ཆགས་པ་དང་། དེ་གར་ནི་ངོ་མཚར་གྱི་ཉམས་སྣང་ཆེ་ལ་དཀའ་ཚེགས་ཧ་ཅང་ཆེ་བའི་གནས་ཤིག་ཡིན། ལོ་ཟླ་གྲགས་མེད་དུ་བཞུད་པའི་དུས་ཤིག་ལ་བུད་མེད་གཞོན་ནུ་དེ་གློ་བུར་དུ་ཚེ་སྲོག་གི་བཀག་སྡོམ་ཁུལ་དེར་སླེབས་ཏེ་དཀའ་སྡུག་སྣ་ཚོགས་བརྒྱུད་ནས་རིམ་བཞིན་འཚར་ལོངས་བྱུང་ལ། ད་དུང་འཁྱགས་རོམ་དང་གངས་ལྗོངས། གནམ་སྔོན་པོ་དང་ཤེལ་ལྟར་དྭངས་པའི་མཚེའུ། རྩྭ་ཐང་དང་སྤྲིན་དཀར་བཅས་ཀྱིས་བརྒྱན་པའི་གནས་མཆོག་འདིར་བྱུང་བའི་ཕོ་མོའི་བརྩེ་དུང་ཟབ་མོ་ལ་སོགས་ལས་གློག་བརྙན་དེར་ངོ་མཚར་གྱི་བྱུང་བ་མང་པོ་བསྣན་ཡོད།

    གློག་བརྙན་དེའི་སྔོན་འགྲོའི་འཁྲབ་ཚན་ནང་དེ་གར་ལས་སྒྲུབ་དང་འཚོ་བ་བསྐྱལ་ནས་ལོ་15སོང་བའི་ཐུང་ཞའོ་ཧྥན་གྱིས་མཚོ་གཉིས་ནས་ཁ་མ་བྲལ་གོང་ངོ་མཚར་ཆེ་བའི་བུ་རོགས་གངས་རི་དང་ཞལ་གྱེས་ཞུས། མུ་མཐའ་མེད་པའི་འཁྱགས་རོམ་དེ་དག་བསྐལ་པ་སྟོང་གི་རྡོ་རྗེ་ཕ་ལམ་དང་འདྲ་ལ། གཤམ་གྱི་རྩྭ་ཐང་སྟེང་གཙོད་ཁྱུ་ཅི་དགར་རོལ་ཞིང་། གནམ་སའི་བར་དུ་གཅེས་པར་འོས་པའི་འབྲོང་ཡང་རྟག་ཏུ་མཐོང་རྒྱུ་ཡོད།

    གནས་དེ་ནས། ཁོང་གིས་བསམ་ཤེས་མི་ཐུབ་པ་ནས་བསམ་ཤེས་ཐུབ་པའི་བར་དང་། ཕྱི་མི་ནས་རང་ཡུལ་གྱི་མིར་འགྱུར་བའི་བར། ཁོར་ཡུག་དང་ལེན་བྱེད་པ་ནས་ཁོར་ཡུག་འགྱུར་ལྡོག་གཏོང་བའི་བར། བོད་སྐྱོར་གཞོན་ནུ་ཞིག་ནས་གཅེན་མོ་བློས་ཐུབ་ཀྱི་བར་བཅས་ཀྱི་འགྱུར་ལྡོག་བྱུང་ཞིང་། བྱུང་བ་གླེང་ལུགས་དེ་རིགས་ལ་དཔའ་བོའི་རྟོགས་བརྗོད་ཀྱི་ཁྱད་ཆོས་ཡོད་ལ། དུས་རབས་གསར་པར་ལེགས་སྐྱེས་འབུལ་བའི་སྙིང་སྟོབས་ཀྱང་གང་ལེགས་མངོན་ཡོད།

    ཐུང་ཞའོ་ཧྥན་གྱི་འཚར་ལོངས་བརྒྱུད་རིམ་ཁྲོད་ནས་ལྟད་མོ་བས་བུ་རོགས་གངས་རིའི་སྐྱེ་ཁམས་རིན་ཐང་ལ་མཐོང་ཆེན་བྱེད་པ་མཐོང་ཐུབ་ལ། ས་མཐོའི་གནས་སྤོས་ལས་ཡུལ་དེའི་མི་སེར་གྱི་འཚོ་བར་འགྱུར་ལྡོག་ཏན་ཏིག་བྱུང་བའང་མཐོང་ཐུབ་ཀྱི་ཡོད། གློག་བརྙན་དེ་ནི“ཁ་པར་པ་ཕ”དང“བརྙན་ལམ་བུ་མོ”ཟེར་བའི་བོད་སྐྱོར་ལས་བྱེད་པ་མང་པོའི་ལོ་རྒྱུས་ཡིན་ལ་བོད་སྐྱོར་སྙིང་སྟོབས་དེ་དག་སྒྱུ་རྩལ་ཐོག་ནས་མངོན་པར་བྱས་ཏེ་བོད་རང་སྐྱོང་ལྗོངས་དབུ་བརྙེས་ནས་ལོ་ངོ་60འཁོར་བར་ཕྱག་རྟགས་འབུལ་བའི་གསར་རྩོམ་གྱི་འགན་འཁྲི་སྒྲུབ་པ་ཞིག་དེ་བས་རེད།

    གསར་རྩོམ་ཆ་རྐྱེན་གྱི་ཚོད་འཛིན་སྣ་ཚོགས་ཕོག་ནས་གཏམ་རྒྱུད་དེར་ལྟད་མོ་བར་ཟློས་གར་གྱི་རང་བཞིན་ཆེ་བའི་དངངས་འཚབ་དང་འཕྲེང་སེམས་ཀྱི་ཚོར་སྣང་དེ་ཙམ་སྦྱིན་ཐུབ་ཀྱི་མེད་མོད། འོན་ཀྱང་ད་ཆའི་སྣ་མང་ཅན་གྱི་གློག་བརྙན་གསར་རྩོམ་ཁྲོད《རྒྱང་རིང་གི་བུ་རོགས་གངས་རི》ལ་ཐུན་མོང་མ་ཡིན་པའི་བརྗོད་བྱའི་ལེགས་ཆ་དང་མཐོང་དཀོན་པའི་བབ་ཆགས་ཀྱི་སྟོབས་ཤུགས་ཤིག་ལྡན་ཡོད། (རྩོམ་པ་པོ་ནི་ཆིང་ཧྭ་སློབ་ཆེན་གསར་འགྱུར་དང་ཁྱབ་སྤེལ་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ཡིན་པ)

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།