དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • གྲི་གུ་རྩྭ་ཐང་སྟེང་གི“ཧྥེང་ཆའོ་ཉམས་མྱོང”

    ཁོང་ཚོས་ཁྲིམས་སྐྱོང་ཤེས་བྱ་འབྲོག་པའི་རྩིས་ཐོར་བཅུག་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-26

    མཚོ་སྨད་རྫོང་གྲི་གུ་ཁྲིམས་འཛིན་སུའོ་ཡི་རྒྱལ་སྒོའི་མདུན་དུ་བྲེལ་འཚུབ་ཆེ་བའི་གཟུགས་བརྙན་ཞིག་ཕར་འགྲོ་ཚུར་འོང་བྱེད་བཞིན་པ་དེ་ནི་ཡེ་ཤེས་ལྷ་མོ་ཡིན་པ་དང་། ཁོང་གིས་ལག་ཏུ་ལྟེབ་ཉེས་ཐེབས་པའི་མི་སྤྱོད་ལག་ཁྱེར་ཁྱེར་ཞིང་སྦར་མཐིལ་རྔུལ་ནག་གིས་འཚོས་ཡོད་པ་རེད།

    ཟླ་བ་ཁ་ཤས་གོང་། ཁོང་གིས་ཨར་པོ་རྒྱག་ཡུལ་ཞིག་ཏུ་ཟླ་བ་གཅིག་ཧྲིལ་ཧྲིལ་ལས་ཀ་བྱས། སྦྱིན་བདག་གིས་ཁོང་ལ་ཉིན་གཉིས་རྗེས་གླ་ཆ་རྩིས་བརྒྱབ་ཆོག་ཅེས་ཤོད་མྱོང་། འོན་ཀྱང་ཉིན་མང་པོ་སོང་ཡང་ད་དུང་སྤྲད་མེད། སྔོན་ཆད་ཡིན་ཚེ་ཁོང་གིས་ཁྱིམ་དུ་སྦྱིན་བདག་གིས་གླ་ཆ་མགྱོགས་ཙམ་སྤྲོད་རྒྱུའི་རེ་སྒུག་བྱས་ནས་སྡོད་རྒྱུ་ལས་མ་འདས། འོན་ཀྱང་ད་ཐེངས་གྲོང་ཚོའི་ནང“ཁྲིམས་འཛིན་སུའོ་ཡི‘ཧྥེང་ཆའོ་ཉམས་མྱོང’གིས་གནད་དོན་དེ་རིགས་ཐག་གཅོད་བྱེད་ཀྱི་ཡོད་པ་གོ་ཐོས་བྱུང་བས་དེ་གར་ཡོང”

    ཉིན་15སོང་རྗེས་ཁོང་ལ་གླ་ཆ་ཆ་ཚང་རག་པ་རེད།

    གྲི་གུ་གྲོང་རྡལ་དུ་དེ་སྔ་ཡུལ་མི་མང་པོ་ཞིག་ལ་ཡེ་ཤེས་ལྷ་མོ་དང་འདྲ་བའི་གནད་དོན་འཕྲད་ནས་ཐག་གཅོད་བྱེད་ཐུབ་མེད། ས་བབ་སྨི་4600ལྷག་ཙམ་ཟིན་པའི་རྩྭ་ཐང་དུ་འབྲོག་པ་ཁ་ཐོར་དུ་གནས་པས་གཞི་རིམ་བཅོས་སྐྱོང་ནི་རྙོག་འཛིང་ཆེ་བའི་གནད་དོན་ཞིག་ཡིན་ལ་འགལ་བ་ཇི་ལྟར་ཐག་གཅོད་བྱེད་པ་དང་བཅའ་ཁྲིམས་ཇི་ལྟར་སྤྱོད་དགོས་མིན་སུས་ཀྱང་གསལ་པོ་ཤོད་ཐུབ་ཀྱི་མེད།

    གྲི་གུ་ཁྲིམས་འཛིན་སུའོ་ཡི་སུའོ་ཀྲང་ཧོང་ཡུས་ཡོན་གྱིས“ཧྥེང་ཆའོ་ཉམས་མྱོང”དེ་སྔོན་ཆད་ཡིག་ཆའི་ནང་མ་གཏོགས་མཐོང་མྱོང་མེད། དུས་རབས་གོང་མའི་ལོ་རབས་60པར་ཀྲི་ཅང་ཀྲུའུ་ཅི་ཡི་གྲོང་རྡལ་ཆུང་ངུའི“འགལ་བ་གོང་ཞུ་མི་བྱེད་པར་ས་ཆ་དེ་རང་དུ་ཐག་གཅོད་བྱེད”ཅེས་པའི་བཅོས་སྐྱོང་ཉམས་མྱོང་དེ་ཡག་པོ་ཡོད་རུང་ས་མཐོར་གང་འདྲ་བྱས་ནས་དོན་འཁྱོལ་བྱེད་དགོས་མིན་ཤེས་མཁན་གཅིག་ཀྱང་མེད་ཅེས་བཤད།

    2025ལོའི་དཔྱིད་ཀར། གྲི་གུ་ཁྲིམས་འཛིན་སུའོ་ཡིས་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”འཛུགས་རྒྱུའི་ཐག་གཅོད་བྱས་མོད། འོན་ཀྱང་ཧོང་ཡུས་ཡོན་གྱིས་ཡིག་ཆ་ལྟར་ལས་དོན་སྤེལ་ཚེ་འགྲིག་ཐབས་མེད་པས། “ཧྥེང་ཆའོ་ཉམས་མྱོང”གྲི་གུ་རྩྭ་ཐང་དུ་ཡག་པོ་སྤྱོད་ཐུབ་པ་དགོས་ཚེ། དང་ཐོག་མང་ཚོགས་དང་འབྲེལ་བ་མང་ཙམ་བྱེད་དགོས་པ་གསལ་པོ་ཤེས་ཀྱི་ཡོད།

    གོམ་སྟབས་དང་པོ་ནི“སྒོ་འབྱེད་རྒྱུ”དེ་ཡིན། སྒོ་དབྱེའི་ཉིན་མོར་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་། གྲོང་ཚོ“ཨུ་ལྷན་གཉིས”ཀྱི་ལས་བྱེད་པ། མང་ཚོགས་ཀྱི་འཐུས་མི། ཁྲིམས་རྩོད་པ། འདུམ་འགྲིག་པ་སོགས་མི་30ལྷག་ཙམ་ཁྲིམས་འཛིན་སུའོ་ནང་འཛོམས་ཡོད།

    སྒོ་ཕྱེ་བ་ཙམ་མ་ཟད། ད་དུང་ཁོང་ཚོས“ཧྥེང་ཆའོ་ཉམས་མྱོང”གྲོང་ཚོའི་ནང་ཁྱབ་གདལ་བཏང་ཞིང་། 2025ལོར་གྲི་གུ་ཁྲིམས་འཛིན་སུའོ་ཡིས“མང་ཚོགས་ཀྱིས་རེ་ཞུ་གོང་འབུལ་དང་ཁྲིམས་འཛིན་སུའོ་ཡིས་ཐག་གཅོད། ཕན་འབྲས་གདེང་འཇོག”བཅས་ཀྱི་བྱེད་སྟངས་བཏོན་ཡོད། མང་ཚོགས་ཚོས་སྔོན་ལ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩ་ཁྲིམས》དང་། 《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་དམངས་དོན་ཁྲིམས་གཞུང》 《ལྷོ་ཁ་གྲོང་ཁྱེར་ཞིང་འབྲོག་ཁུལ་གྱི་མི་སྡོད་ཁོར་ཡུག་བཅོས་སྒྲིག་སྲོལ་ཡིག》བཅས་དང་དེ་བཞིན་ངལ་རྩོལ་དབང་སྲུང་དང་གཉེན་སྒྲིག་རྩོད་གཞི་སོགས་གང་ཞིག་སྦྱོང་འདོད་ཡོད་པ་མཐིལ་རྟོགས་བྱས་པ་རེད།

    ཁྲིམས་སྦྱོང་དུ་བཅུག་པ་ཙམ་གྱིས་མི་འགྲིག་པར་མང་ཚོགས་ཚོས་དངོས་འབྲེལ་ཡིད་ཆེས་ཐུབ་པ་དགོས་ཚེ་ངེས་པར་དུ་འགལ་བ་སེལ་མཁན་ཡོད་པ་དང་གནད་དོན་ཐག་གཅོད་བྱེད་མཁན་ཡོད་པ་བྱ་རྒྱུ་དེ་ཡིན། “ཧྥེང་ཆའོ་ཉམས་མྱོང”མདོར་བསྡུས་ནས་བརྗོད་ན་འགལ་བ་གྲོང་ཚོ་རང་དུ་ཐག་གཅོད་བྱ་རྒྱུ་དེ་རེད།

    “མི་སེར་ལ་དགོས་པ་ནི་དྲང་བདེན་ལས་དཔྱད་ཁྲ་མ་རེད”ཅེས་ཧོང་ཡུས་ཡོན་གྱིས་བཤད། 2025ལོར་གྲི་གུ་ཁྲིམས་འཛིན་སུའོ་ཡིས་འགལ་བ་དང་རྩོད་གཞི་ཁྱོན་18བདག་སྤྲོད་བྱས་པ་དང་། གྱོད་གཞི་18བདེ་བླག་ངང་འདུམ་འགྲིག་བྱས་པ། མང་ཚོགས་བློ་ཡིད་ཚིམ་ཚད་100%ཟིན་པ། ཁྲིམས་ལུགས་ཁྱབ་གདལ་དང་སྒྲོག་འགྲེལ་ཐེངས་80བྱས་པ་དེ་མང་ཚོགས་མི་ཐེངས་4000ལ་ཁྱབ་ཡོད།

    2025ལོའི་ཟླ་12པར་མཚོ་སྨད་རྫོང་གྲི་གུ་ཁྲིམས་འཛིན་སུའོ་འདི་ཉིད་བོད་རང་སྐྱོང་ལྗོངས་ཀྱི་དུས་རབས་གསར་པའི“ཧྥེང་ཆའོ་རྣམ་པའི་ཁྲིམས་འཛིན་སུའོ”ཁག་གཉིས་པར་བདམས་པའི་གཏམ་བཟང་གྲགས་པ་དང་། ལྗོངས་ཡོངས་སུ་དེ་དང་འདྲ་བ་25ལས་མེད་ཅིང་གྲི་གུ་དེའི་ནང་ཚུད་ཡོད།

    ཧོང་ཡུས་ཡོན་གྱིས་དེ་ཉིན་རྟེན་འབྲེལ་ཚོགས་འདུ་མ་འཚོགས་པར་རྒྱུན་ལྡན་ལྟར་གཤམ་སྐྱོད་བྱས་ཏེ“ཧྥེང་ཆའོ་ཉམས་མྱོང”ཞེས་པའི་བྱང་བུ་དེ་བཀལ་ནས་ལས་ཀ་བྱེད་འགོ་ཚུགས་པ་རེད།

    ད་ཆ་ས་བབ་སྨི་4600ལྷག་ཙམ་ཟིན་པའི་གྲི་གུ་རྩྭ་ཐང་དུ“ཧྥེང་ཆའོ་ཉམས་མྱོང”ཞེས་པ་དེ་ཡིག་ཆའི་ནང་གི་ཐ་སྙད་ཅིག་མིན་པར་དེ་ནི་མང་ཚོགས་དང་འབྲེལ་གཏུག་བྱེད་པའི་བྱང་བུ་དང་། “དོན་དག་ཡོད་ན་ཁ་པར་རྒྱོབ་ཤོག”ཅེས་པའི་སེམས་རྩ་འཁོལ་བའི་སྐད་ཆ་ཞིག་ལ་གྱུར་བ་མ་ཟད། དུས་དང་རྣམ་པ་ཀུན་ཏུ་བེད་སྤྱོད་ཡོད་པའི་དངོས་པོ་ཞིག་ལའང་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།