འོལ་ཆུའི་ལུང་གཞུང་གི“མུ་ཏིག་ནག་པོ”
—— འཆི་མེད་ཚེ་རིང་དང་མཛོ་སྒང་བོད་ཕག་གི་སྐོར་བཀོད་པ།
ཆབ་མདོ་གྲོང་ཁྱེར་མཛོ་སྒང་རྫོང་བལ་ཐོག་ཤང་སྲིད་གཞུང་དང་ཐག་ཉེ་བའི་འོལ་ཆུའི་ལུང་གཞུང་དུ་མཛོ་སྒང་རྫོང་ཁང་ཧྥུང་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སི་ཡོད་པ་དང་། ཐག་རིང་ནས་ལྟ་སྐབས་ཀུང་སིའི་ཐོག་སྔོན་པོ་དང་གྱང་དཀར་པོའི་དེང་རབས་ཅན་གྱི་ཕག་ཚང་ནི་མངོན་གསལ་ཧ་ཅང་དོད་པོ་ཞིག་ཏུ་སྣང་།
“ངས་ང་ཚོའི་མཛོ་སྒང་གི་ཁྱད་ལྡན་བོད་ཕག་གི་ཤ་ཐག་དེ་བས་རིང་བའི་སར་བཙོངས་ཐུབ་པ་བྱས་ནས། དེ་མཛོ་སྒང་རྫོང་གི‘གསེར་གྱི་མིང་བྱང’ཞིག་ཏུ་འགྱུར་ཐུབ་པའི་རེ་བ་བྱེད་ཀྱི་ཡོད”ཅེས་ཀུང་སི་དེའི་འགན་འཁུར་བ་འཆི་མེད་ཚེ་རིང་གིས་ཕག་ཚང་ནང་ཤ་ཤེད་རྒྱས་བཞིན་པའི་བོད་ཕག་ལ་ལྟ་གིན་ཡིད་ཆེས་ཆེན་པོས་འདི་ལྟར་བཤད།
“མཛོ་སྒང་བོད་ཕག་གི་ཤ་ཕལ་ཆེ་བར་ཚིལ་ཉུང་བས། གསོ་ཚགས་ལ་དོ་སྣང་ཆེན་པོ་བྱེད་དགོས་ཀྱི་ཡོད”ཅེས་ཕག་གསོའི་སྐོར་གླེང་མ་ཐག་འཆི་མེད་ཚེ་རིང་གིས་གཏམ་གྱི་སྒོ་མོ་རིམ་བཞིན་ཕྱེ། ཁོང་གིས། མཛོ་སྒང་བོད་ཕག་གི་གཟུགས་སྟོབས་དེ་ཙམ་ཆེན་པོ་མེད། ས་བབ་མཐོ་ལ་གནམ་གཤིས་དམིགས་བསལ་ཅན་གྱི་ས་མཐོའི་ཁོར་ཡུག་ནང་གསོས་པ་ཞིག་ཡིན་པས། དེའི་ཤ་སྤུས་དག་པོ་ཞིག་ཡོད། ད་དུང་ཁྱད་ཆོས་དམིགས་བསལ་ཆེ་བ་ཞིག་ནི་ཕག་ཤ་བསྙལ་མ་བཟོ་སྐབས་འོག་ཏུ་ཐང་ཤིང་དཀར་པོ་བསྲེགས་ནས་དུ་བཀག་གཏོང་གི་ཡོད་པ་དང་། ཤ་འཚོད་སྐབས་སྨན་སྣ་ཏང་ཀུན་དང་སྨར་ཁམས་ཚྭ་སོགས་རྒྱག་གི་ཡོད་པས། ཤའི་བྲོ་བ་དང་འཚོ་བཅུད་ཧ་ཅང་ཆེན་པོ་ཡོད་ཅེས་ངོ་སྤྲོད་བྱས།
དེང་གི་ཆར་འཆི་མེད་ཚེ་རིང་གིས་རང་གི་ཉམས་མྱོང་ལ་བརྟེན་ནས་ལས་སྟེགས་དེ་བས་ཆེ་བ་ཞིག་ཏུ་ཕུགས་འདུན་མངོན་འགྱུར་བྱེད་འགོ་ཚུགས་ཡོད་ཅིང་། དེ་ཡང་། 2025ལོའི་ལོ་མཇུག་ཏུ་རྫོང་སྲིད་གཞུང་དང་ཧྥུའུ་ཅན་གྱི་བོད་སྐྱོར་མ་དངུལ་གྱི་རྒྱབ་སྐྱོར་ལ་བརྟེན་ནས་འཆི་མེད་ཚེ་རིང་གིས་བལ་ཐོག་ཤང་དུད་པ་གྲོང་ཚོར་མ་དངུལ་བསྡོམས་འབོར་སྒོར་ཁྲི་4100ཙམ་བཏང་ནས་མཛོ་སྒང་རྫོང་ཁང་ཧྥུང་འབྲོག་ལས་ཚན་རྩལ་ཚད་ཡོད་ཀུང་སི་བཙུགས་པ་དང་། ས་ཁྱོན་མུའུ་34ཟིན་པའི་ཀུང་སི་དེས་འཆི་མེད་ཚེ་རིང་གི“གསེར་གྱི་མིང་བྱང”གཏོད་པའི་ཕུགས་འདུན་འགྲུབ་པར་གདེང་སྤོབས་སྔར་བས་ཆེ་རུ་ཕྱིན་ཡོད་པ་རེད།
“རྟེན་གཞི་དེར་ཕག་པ་མང་ཤོས་ལ་མགོ་གྲངས་2000ཡོད་པ་དང་། ད་ཆ་ལག་རྩལ་དང་མི་སྣ་ཚང་མ་འཛོམས་པས། སླད་ཕྱིན་ང་ཚོས་མཉམ་དུ་འབད་བརྩོན་བྱས་ཏེ་མཛོ་སྒང་གི་བོད་ཕག་སྐད་གྲགས་ཆོད་པ་བྱེད་ཀྱི་ཡིན”ཞེས་འཆི་མེད་ཚེ་རིང་གིས་ཡིད་ཆེས་ཀྱིས་ཁེངས་བཞིན་བཤད།
འཆི་མེད་ཚེ་རིང་གི་དམིགས་ཡུལ་ཧ་ཅང་གསལ་ཞིང་། “སྣེ་འདྲེན་ཁེ་ལས་དང་། རྟེན་གཞི། ཞིང་དུད”བཅས་ཟུང་དུ་འབྲེལ་བའི་བྱེད་ཐབས་ལ་བརྟེན་ནས། “ལོ་ལྔ་ཚན་བཅོ་ལྔ་པའི”དུས་མཇུག་ཏུ་མཛོ་སྒང་དུ་བོད་ཤར་ལྷོའི་བོད་ཕག་ཐོན་ལས་རྟེན་གཞི་གལ་ཆེན་ཞིག་བསྐྲུན་ཏེ། ལག་ཡོད་མགོ་གྲངས་ཁྲི་5ཟིན་པ་དང་ལོའི་ཐོན་རྫས་རིན་ཐང་སྒོར་ཁྲི་3000ལས་བརྒལ་བ་བྱས་ནས། བོད་ཕག་དེ་ཉིད་དངོས་འབྲེལ་དམངས་ཕྱུག་རྫོང་དར་གྱི་ཀ་རྟེན་ཐོན་ལས་ཤིག་ཏུ་འགྱུར་བ་བྱ་རྒྱུ་ཡིན་པ་རེད།
“བོད་ཕག་ནི་ང་ཚོའི་མཛོ་སྒང་རྫོང་གི་ནོར་བུ་ཞིག་རེད”ཅེས་འཆི་མེད་ཚེ་རིང་གིས་བཤད། ཁོང་གིས་ཤ་ཤེད་རབ་ཏུ་རྒྱས་པའི་བོད་ཕག་དེ་དག་ནི་ས་མཐོའི“མུ་ཏིག་ནག་པོ”དང་འདྲ་བར་ཧ་ཅང་རྩ་ཆེན་པོ་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།
“གསེར་གྱི་མིང་བྱང”དེའི་སྙན་པའི་གྲགས་པ་སྔར་བས་འཕེལ་ཆེད། མཛོ་སྒང་རྫོང་གིས་ཤེས་ལྡན་པའི་གསོ་སྦྱོང་རྒྱུན་མཐུད་བྱས་ཤིང་། ལག་རྩལ་གྱི་རྐང་འཛིན་པ་ཁུན་མིང་དུ་སློབ་སྦྱོང་ལ་གཏོང་བ་ནས་ས་ཆ་དེ་གར་རིམས་འགོག་མི་སྣ་དང་གསོ་ཚགས་དུད་ཚང་ཚུད་པའི་གསོ་སྦྱོང་འཛིན་གྲྭ་གཉེར་བའི་བར་དང་། དེ་ནས་གྲོང་ཁྱེར་རིམ་པའི་ཐོན་ལས་དར་རྒྱས་གཏོང་བའི་གསོ་སྦྱོང་གཉེར་འགན་འཁུར་བའི་བར་སོགས་ལ་བརྟེན་ནས། ཕག་པ་གསོ་བའི་ཤེས་བྱ་རྒྱུན་ཆད་མེད་པར་ཁྱབ་གདལ་བཏང་སྟེ་ཐོན་ལས་འཕེལ་རྒྱས་སྟོབས་ཆེར་གཏོང་བའི་ནང་སྐྱེས་ཀྱི་སྒུལ་ཤུགས་སུ་གྱུར་བར་བྱས་པ་རེད། འཆི་མེད་ཚེ་རིང་སོགས་སྣེ་ཁྲིད་པའི་དངོས་སྒྲུབ་འབད་འཐབ་ལ་བརྟེན་ནས་མཛོ་སྒང་རྫོང་གི་བོད་ཕག་ཐོན་ལས་ཡར་ངོའི་ཟླ་ལྟར་འཕེལ་ནས་དེ་བས་ཡངས་ཤིང་རྒྱ་ཆེ་བའི་ཕྱོགས་སུ་སྐྱོད་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།