ས་བབ་མཐོ་བའི་ཡང་རྩེ་རུ། མང་ཚོགས་བདེ་སྐྱིད་འཚོ་བར་རོལ།
ས་བབ་མཐོ་ཚད་སྨི་5373ཡོད་པའི་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་ནི་ཀྲུང་གོའི་ས་བབ་མཐོ་ཤོས་ཀྱི་སྲིད་འཛིན་ཤང་ཞིག་རེད།
ཉེ་ཆར། གསར་འགོད་པ“འཚོ་གནས་དཀའ་ཁུལ”ཞེས་བརྗོད་པའི་ས་ཆར་བསྐྱོད་དེ་ཡང་རྩེའི་ནང་གི་ཡང་རྩེའི་གནས་དེར་མང་ཚོགས་ཀྱི་འཚོ་བར་འགྱུར་ལྡོག་གང་འདྲ་བྱུང་མིན་ལ་འཚོལ་ཞིབ་བྱས།
ས་ཕུག་ནས་འབྱོར་འབྲིང་གི་སྡོད་ཁང་བར་དང་ཡང་སྔོ་ཚལ་དྲོད་ཁང་བར་གྱི་འགྱུར་ལྡོག
ཕུ་མ་བྱང་ཐང་ཤང་ས་མཚམས་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཚུལ་ཁྲིམས་བདེ་ལེགས་ཀྱི་ཁྱིམ་དུ་སླེབས་སྐབས་དྲོ་སོབ་སོབ་ཀྱི་སྣང་བ་ཞིག་བྱུང་། ཚོམས་ཆེན་གྱི་སྒེའུ་ཁུང་ཤེལ་སྒོར་ཟིལ་པས་ཁེངས་ཤིང་། ཁང་པའི་ནང་གི་དྲོད་ཚད་ཧྲེ་ཧྲི་ཏུའུ་22ལ་སླེབས་འདུག
གསར་འགོད་པ་དང་མཉམ་དུ་ཡོད་པའི་ཤང་གི་ལས་བྱེད་པས་གསར་འགོད་པར་ཕུ་མ་བྱང་ཐང་ཤང་གི་མང་ཚོགས་ཚོས་མི་རབས་ནས་མི་རབས་བར་འཚོ་སྡོད་བྱེད་པའི་སྡོད་ཁང་གི་འགྱུར་ལྡོག་སྐོར་གླེང་བ་སྟེ། བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ས་ཕུག་ནང་སྡོད་གྱི་ཡོད་པ་དང་། དམངས་གཙོའི་བཅོས་སྒྱུར་བྱས་རྗེས་སྤྱིལ་ཁང་ནང་སྡོད་པ། 2008ལོར་བདེ་སྡོད་ཁང་པར་སྡོད་པ། 2019ལོར་འབྱོར་འབྲིང་ཁང་པར་སྡོད་པ་བཅས་རེད། ད་ཆ་ཤང་དེ་ཡོངས་ཀྱི་དུད་ཚང་280ཡི་མང་ཚོགས་ཚང་མ་དཀར་ཆ་དོད་ལ་སྐྱིད་སྣང་ལྡན་པའི་སྡོད་ཁང་གསར་པར་སྤོས་ཡོད། ད་ཆ་ཚུལ་ཁྲིམས་བདེ་ལེགས་ཀྱི་ཁྱིམ་དུ་གསོ་རླུང་འཕྲུལ་ཆས་དང་དྲོད་རླངས་མཁོ་འདོན་སྒྲིག་ཆས་བསྒར་ཡོད་པས་ཁང་པའི་ནང་གི་གསོ་རླུང་འདུས་ཚད་80%ཙམ་ཟིན་ལ། སྡོད་ཁང་ཡང་དྲོ་སོབ་སོབ་ཡོད།
“2023ལོར་ལྷོ་ཁ་གྲོང་ཁྱེར་གྱིས་མ་དངུལ་སྒོར་ཁྲི་3000ཙམ་བཏང་ནས་གསོ་རླུང་དང་དྲོད་རླངས་མཁོ་འདོན་གྱི་འདུ་འགོད་ལག་བསྟར་བྱས་ཏེ། ཤང་དེ་ཡོངས་ཀྱི་ལས་བྱེད་པ་དང་མང་ཚོགས་ཀྱི་ཁྱིམ་དུ་གསོ་རླུང་དང་དྲོད་རླངས་མཁོ་འདོན་གྱི་སྒྲིག་ཆས་བསྒར་ཡོད”ཅེས་ཤང་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་ཤང་ཀྲང་དབྱང་ཀང་གིས་གསར་འགོད་པར་བཤད།
དབྱང་ཀང་ནི་སི་ཁྲོན་མེ་ཧྲན་ནས་ཡིན་པ་དང་1993ལོར་སྐྱེས་ཞིང་། དེ་སྔོན་དམག་མི་ཞིག་ཡིན། 2025ལོའི་ཟླ་7པར་ཁོང་གིས་ཕུ་མ་བྱང་ཐང་གི་ཤང་ཀྲང་བྱས། ཁོང་གིས“དཔུང་སྡེ་ནས་ལས་སྒྱུར་བྱས་རྗེས་བོད་དུ་བསྡད་པ་ཡིན། ས་ཆ་མཐོ་པོ་འདི་འདྲར་ལས་ཀ་བྱེད་སྙམ་པ་བསམ་པའི་ཡུལ་ལ་མེད། འོན་ཀྱང་འདི་གར་འབྱོར་རྗེས་ངས་བསམ་པ་ལས་ཡག་པ་འདུག”ཅེས་བརྗོད་བྱུང་།
ཁོང་གིས་ས་བབ་སྨི་5000ཡན་གྱི་ས་ཆར་སྔོ་ཚལ་སྐྱེ་ཡོང་སྙམ་པ་བསམ་པའི་ཡུལ་ལ་མེད་ཅེས་བརྗོད་ཅིང་། ཕུ་མ་བྱང་ཐང་དུ་ལོར་ཆ་སྙོམས་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་7ལ་སླེབས་པ་དང་འཁྱགས་སའི་མཐུག་ཚད་སྨི་1.5ཟིན་གྱི་ཡོད། “རླུང་བུ་ལྡང་ན་བྱེ་མ་གང་སར་འཁྱེར་འགྲོ་བ་དང་དུས་བཞིར་རྩྭ་མི་སྐྱེ་བ”ནི་གྲོང་ཚོའི་སྔོན་མའི་གནས་ཚུལ་རེད། ཕྱིས་སུ། ཕུ་མ་བྱང་ཐང་ཤང་མཐའ་མཚམས་མངགས་གཏོང་ཁང་གིས་ཞིང་ལས་རིགས་གཅིག་མཁས་ཅན་གདན་དྲངས་ནས་དྲོད་ཚད་དམའ་བའི་འཁྱགས་སའི་འདེབས་འཛུགས་ལག་རྩལ་ལ་ཞིབ་འཇུག་བྱས་པ་རེད། ཁོང་ཚོས་ས་རྒྱུ་ལེགས་བཅོས་དང་གྲང་ངར་བཟོད་ཐུབ་པའི་སྐྱེ་དངོས་ནང་འདྲེན་བྱས་པ་མ་ཟད། སྔོ་ཚལ་དྲོད་ཁང་སྐྲུན་ཐབས་བྱས། ཚོད་ལྟ་ཡང་ཡང་བྱས་མཐར། སྔོ་ཚལ་འདེབས་ཐུབ་པ་བྱུང་ཡོད། “སྔོ་ཚལ་འདེབས་ཐུབ་པ་བྱུང་བས་ལས་བྱེད་པ་དང་མང་ཚོགས་ཚོར་རེ་བ་གསར་པ་སྦྱིན་ཡོད”ཅེས་དབྱང་ཀང་གིས་མྱོང་ཚོར་ཟབ་མོས་བཤད།
ན་གཞོན་ལས་བྱེད་པའི་བརྟན་སྲུང་དང་མང་ཚོགས་ཀྱི་མཐའ་སྲུང་འཚོ་བ།
ཕུ་མ་བྱང་ཐང་ཤང་གི་ལས་བྱེད་པ་རྒྱ་རིགས་དང་བོད་རིགས་ཀྱི་མི་གྲངས་ཧ་ལམ་གཅིག་པ་ཡིན། ཆ་སྙོམས་ལོ་ཚད་30ལ་སླེབས་ཀྱི་ཡོད། སྲིད་ཇུས་ལྟར་ན་ཁོང་ཚོ་གནས་དེར་ལས་ཀ་ལོ་གསུམ་དང་ཕྱེད་ཀ་བྱས་རྗེས་བརྗེ་པོ་བརྒྱབ་ནས་གཟུགས་གཞིའི་བདེ་ཐང་འགན་ལེན་བྱེད་ཀྱི་ཡོད།
ཕུ་མ་བྱང་ཐང་ནི་མཐའ་མཚམས་ཀྱི་ཤང་ཞིག་ཡིན་ཞིང་། ས་ཆའི་རྒྱ་ཁྱོན་སྤྱི་ལེ་ངོས་གྲུ་151ཟིན་པ་དང་རྒྱུན་སྡོད་མི་འབོར་1091ཡོད། གནས་དེའི་མང་ཚོགས་མང་ཆེ་བས་མཐའ་སྲུང་བའི་འགན་འཁུར་གྱི་ཡོད།
“སྔོན་མ་མཐའ་མཚམས་སྲུང་ཡང་གླ་ཆ་སོགས་གང་ཡང་མེད། འོན་ཀྱང་ད་ཆ་དེ་འདྲ་མིན” དབྱང་ཀང་གིས་གསར་འགོད་པར་ད་ཆ་ཤང་ཡོངས་ཀྱི་མི་རེའི་ཆ་སྙོམས་ལོའི་ཡོང་འབབ་སྒོར་ཁྲི་3.1ཟིན་པ་དེ་བོད་དུ་གླ་ཆ་ཅུང་མཐོ་བའི་ཁོངས་སུ་གཏོགས་ཀྱི་ཡོད། འབབ་ཁུངས་གཙོ་བོ་ནི་སྲིད་ཇུས་རང་བཞིན་གྱི་ཡོང་འབབ་ཡིན་ཞིང་། དེའི་ནང་མཐའ་མཚམས་ཀྱི་འཐབ་ས་དང་པོའི་གྲོང་མིའི་ཁ་གསབ་ཚུད་པ་མ་ཟད། ད་དུང་མཐའ་སྲུང་བ་མཐའ་སྲུང་སྐོར་གཡེང་ལ་ཞུགས་པའི་གླ་ཕོགས་ཀྱང་ཚུད་ཡོད་ཅེས་བཤད།
“ལོ་60ཡན་ལ་སླེབས་པའི་མང་ཚོགས་ལ་རྒན་གསོའི་དངུལ་ལེན་རྒྱུ་ཡོད་པ་མ་ཟད། ང་ཚོའི་ཤང་གི་ལོ་50ནས་59བར་གྱི་མང་ཚོགས་ལ་མི་རེར་ཟླ་རེར་ཁ་གསབ་དངུལ་སྒོར་265ལེན་རྒྱུ་ཡོད། མང་ཚོགས་ཀྱི་འཚོ་བ་ལེགས་སུ་ཕྱིན་པར་བརྟེན་མཐའ་མཚམས་སྲུང་བའི་སྤྲོ་སེམས་ཆེ་རུ་ཕྱིན་ཡོད”ཅེས་དབྱང་ཀང་གིས་བཤད།
“ཆུ་གློག་ལམ་འཕྲིན་གཏོང་དྲ་བ་བཅས་ཤར་གཏོང་ཐུབ་པ་མ་ཟད། སློབ་གསོ་དང་སྨན་བཅོས་ཀྱི་ཆ་རྐྱེན་ཡང་ལེགས་སུ་ཕྱིན་ནས་མང་ཚོགས་ནད་ལྟ་དཀའ་བ་དང་ཕྲུ་གུ་སློབ་གྲྭར་སྐྱོད་དཀའ་བའི་གནད་དོན་ཐག་གཅོད་ཐུབ་ཡོད། ད་ཆ་ལས་བྱེད་པ་དང་མང་ཚོགས་དེ་བས་མང་བ་མཐའ་མཚམས་ཀྱི་འཐབ་ས་དང་པོར་བསྡད་དེ་རྒྱལ་ཁབ་ཀྱི་ས་ཆ་སྲུང་སྐྱོང་བྱེད་འདོད་ཡོད”ཅེས་དབྱང་ཀང་གིས་བཤད།
འགྱུར་ལྡོག་ལས་དམངས་ཀྱི་བདེ་སྣང་མངོན།
ཕུ་མ་བྱང་ཐང་ཤང་སྲིད་གཞུང་གི་འགྲམ་དུ་ཡོད་པའི་ཕུ་མ་བྱང་ཐང་གསར་བརྗེའི་སློབ་གསོའི་རྟེན་གཞིར་འགྲེམས་སྟོན་བྱས་པའི་པར་དང་དངོས་པོ་ལས་གནས་དེའི་འགྱུར་ལྡོག་མཚོན་གྱི་ཡོད།
དེ་ནི“དེ་སྔའི་ས་ཕུག་ཡིན”དམངས་དོན་འདུམ་འགྲིག་པ་བདེ་ཆེན་གཡང་འཛོམས་ཀྱིས་གུ་དོག་པའི་ས་ཕུག་ལ་མཛུབ་མོ་བཙུགས་ནས“བོད་ལ་དམངས་གཙོའི་བཅོས་སྒྱུར་མ་བྱས་གོང་ས་གནས་དེ་གའི་མང་ཚོགས་ས་ཕུག་འདི་འདྲའི་ནང་སྡོད་ཀྱི་ཡོད”ཅེས་བཤད།
འཁྲིས་ཀྱི་ཁང་པ་དེ་ནི་སྤྱིལ་ཁང་རེད། དེ་དག་ནི་བདེ་སྡོད་ཁང་པ་དང་འབྱོར་འབྲིང་ཁང་པའི་པར་རེད། འགྱུར་ལྡོག་དེ་དག་ལས་ལོ་ངོ་70ལྷག་ཙམ་རིང་གི་ཕུ་མ་བྱང་ཐང་ཤང་གི་འཕོ་འགྱུར་མངོན་ཡོད།
“རྟེན་གཞི་དེ་ད་ཆ་རང་ལྗོངས་ཀྱི་ཚན་པ་མང་པོའི་རྒྱལ་གཅེས་རིང་ལུགས་ཀྱི་སློབ་གསོའི་རྟེན་གཞི་ཡིན་པས་རྒྱུན་དུ་ལྟ་སྐོར་དང་སློབ་སྦྱོང་བྱེད་པར་ཡོང་མཁན་མང་པོ་ཡོད” བདེ་ཆེན་གཡང་འཛོམས་ཀྱིས་གསར་འགོད་པར་གསོ་སྦྱོང་ལ་ཞུགས་པ་བརྒྱུད་ད་ཆ་འགྲེལ་བཤད་པའི་གླ་ཆ་ལེན་རྒྱུ་ཡོད་ཅེས་བཤད།
རྟེན་གཞིའི་ཟིན་དེབ་སྟེང་དུ་ལྟ་སྐོར་བས་མྱོང་ཚོར་མང་པོ་བྲིས་འདུག ཡུལ་སྐོར་བ་ཞིག་གིས“ས་མཐོར་ངས་བརྟན་སྲུང་གི་སྟོབས་ཤུགས་མཐོང་བྱུང་ལ་རྒྱལ་ཁབ་ཀྱི་དབྱར་མཚོ་རྒྱས་པ་ལྟར་གྱི་འཕེལ་རྒྱས་ཀྱི་རྣམ་པའང་མཐོང་བྱུང”ཞེས་བྲིས་འདུག
ད་ཆ་ཕུ་མ་བྱང་ཐང་ཤང་གིས་འབྲོག་ལས་དཔལ་འབྱོར་འཕེལ་རྒྱས་གཏོང་ཐབས་འཚོལ་ཞིབ་བྱས་ནས་ཚགས་ཤ་དང་། མར། ཕྱུར་བ་སོགས་ཁྱད་ལྡན་ཐོན་རྫས་དེ་བས་ལེགས་པ་ཁྲོམ་རར་འཚོང་བཞིན་ཡོད། ད་ལྟ་འགོ་བཙུགས་མ་ཐག་ཡིན་མོད། འོན་ཀྱང་། དབྱང་ཀང་ལ་གདེང་ཚོད་ཀྱིས་ཁེངས་བཞིན་ཡོད།
ཕུ་མ་བྱང་ཐང་ནས་ཁ་བྲལ་སྐབས་ལ་ཁའི་ཉི་འོད་གངས་རིར་འཕྲོས་ནས་འདུག ལམ་བར་དུ་རྩེད་མོ་རྩེ་བཞིན་པའི་ཕྲུ་གུ་ཚོའི་ངོ་གདོང་ལས་དགའ་སྤྲོའི་འཛུམ་མདངས་འཕྱུར། མཐོ་སྒང་དུ་འཚར་ལོངས་བྱུང་བའི་ཕྲུ་གུ་ཚོ་གསོ་རླུང་དཀོན་པའི་ཁོར་ཡུག་ལ་སྔ་ས་ནས་གོམས་ཟིན་མོད། འོན་ཏེ། ཕྱི་རོལ་ཡུལ་གྱི་འཇིག་རྟེན་ལ་ཡ་མཚན་གྱི་འཆར་སྣང་བཅངས་སྲིད། ཁོང་ཚོའི་རྒྱབ་ཏུ་མི་རབས་ནས་མི་རབས་བར་བརྟན་སྲུང་བྱེད་མཁན་ཚོས་ས་བབ་མཐོ་བའི་སྲིད་འཛིན་ཁུལ་འདི་དྲོ་སྐྱིད་ལྡན་པའི་ཁྱིམ་གཞིས་ཤིག་ཏུ་སྐྲུན་ཐུབ་ངེས་ལགས།
འབྲེལ་ཡོད་གསར་འགྱུར།