སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་སྔོན་ཚུད་དམིགས་ཚད་ལ་བརྩི་དགོས།
—— རྒྱལ་ཡོངས་ཚོགས་འདུ་གཉིས་རིང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་བྱེད་པའི་རིམ་སྤེལ་དཔྱད་གླེང་དང་པོ།
ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ནི་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་གི་དེང་རབས་ཅན་ཞིག་ཡིན། ད་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཅང་སུའུ་འཐུས་མི་ཚོགས་པའི་གྲོས་ཞིབ་ནང་ཞུགས་སྐབས། དུས་བབ་གསར་པའི་འོག་མཛེས་སྡུག་ལྡན་པའི་འཚོ་བར་བཅངས་པའི་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པ་དང་དམངས་འཚོའི་ལས་དོན་གྱི་ཁྱད་ཆོས་གསར་པ་ཁོང་དུ་ཡང་དག་ཆུད་པར་བྱེད་དགོས་པའི་སྐོར་གླེང་སྐབས“ཇི་ལྟར་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པ་དང་། ཇི་ལྟར་བྱས་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གྲོང་མིའི་ཡོང་འབབ་མང་དུ་གཏོང་བ། ཇི་ལྟར་བྱས་ནས་གཞི་རྩའི་སྤྱི་པའི་ཞབས་ཞུ་དང་སྤྱི་ཚོགས་འགན་སྲུང་གི་ཆུ་ཚད་སྔར་བས་མཐོ་རུ་གཏོང་བ་སོགས་ཀྱི་ཞིབ་འཇུག་བྱ་གཞིར་རང་འགུལ་ངང་ལན་ཧུར་ཐག་བཏབ་སྟེ། དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བའི་ཐབས་ལམ་ནུས་ལྡན་འཚོལ་དགོས”ཞེས་ཁ་གསལ་བཏོན་གནང་ཡོད།
ལས་ཞུགས་ནི་དམངས་འཚོའི་རྩ་བ་དང་འཕེལ་རྒྱས་ཀྱི་རྨང་གཞི་ཡིན་ལ། གྲོང་མི་མང་ཆེ་བའི་འབབ་ཁུངས་གཙོ་བོ་དེ་ཡིན། བརྟག་དཔྱད་ལས་མངོན་པར་གཞིགས་ན། རང་རྒྱལ་གྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་ཀྱི་བཅུ་ཆ་བདུན་དང་དབུལ་སྒྲོལ་ཁྱིམ་ཚང་གི་ཡོང་འབབ་ཁེ་གཙང་གི་བཅུ་ཆ་བརྒྱད་ཚང་མ་གླ་ཆའི་རང་བཞིན་གྱི་ཡོང་འབབ་དང་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་རེད།
མི་འབོར་དུང་ཕྱུར་14ལྷག་ཙམ་ཡོད་པའི་རྒྱལ་ཁབ་ཆེན་པོ་ཞིག་གི་ངོས་ནས་བརྗོད་ན། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱ་རྒྱུ་དེས“མི་ཚང་མ”འཕེལ་རྒྱས་ཀྱི་གོ་སྐབས་ནང་ཞུགས་པའི་དྲང་གཞག་འགན་ལེན་དང“མི་ཚང་མས”འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་པའི་ལམ་ལུགས་ཀྱི་བཀོད་སྒྲིག་མཚོན་གྱི་ཡོད། སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རྒྱུ་ནོར”མང་དུ་དང་ཡག་ཏུ་གཏོང་བ་དང་། ཐོག་མའི་བགོ་བཤའི་ཁྲོད་ཀྱི་ངལ་རྩོལ་ཐོབ་ཆའི་བསྡུར་ཚད་མཐོ་རུ་གཏོང་བ་དང་ཡར་ཐོན་འཁོར་སྐྱོད་ཀྱི་བགྲོད་ལམ་ཤར་གཏོང་ཡོང་བ་བྱས་ཚེ། ཡོང་འབབ་ཀྱི་ཧེ་བག་ཆུང་དུ་ནུས་ལྡན་གཏོང་ཐུབ་པ་དང་སྤྱི་ཚོགས་རིམ་གྲས་གཏན་འཇགས་སྔོན་འགོག་ཐུབ་ནས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་རྒྱུ་དེ་འཆར་གཞི་ནས་དོན་དངོས་ལ་འགྱུར་ཐུབ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་རྒྱལ་ཁབ་ཕྱོགས་ཡོངས་ནས་འཛུགས་སྐྲུན་བྱེད་པའི་རྒྱང་ལམ་གསར་པར་རང་རྒྱལ་གྱི་ལས་ཞུགས་ལས་དོན་ལ་སྔར་བཞིན་མངོན་གསལ་དོད་པའི་འགལ་ཟླ་དང་གནད་དོན་མི་ཉུང་བ་འཕྲད་ཡོད་པ་སྟེ། རང་རྒྱལ་གྱི་འཕེལ་རྒྱས་དེ་འཐབ་ཇུས་ཀྱི་གོ་སྐབས་དང་ཉེན་ཁ་དང་འགྲན་སློང་མཉམ་དུ་གནས་པ་དང་། གཏན་འཁེལ་མེད་པ་དང་སྔོན་དཔག་དཀའ་བའི་རྒྱུ་རྐྱེན་མང་དུ་འགྲོ་བའི་དུས་སྐབས་སུ་སླེབས་ནས་འཕར་སྣོན་བརྟན་པོ་དང་ལས་ཞུགས་བརྟན་པོ་ཡོང་བར་བྱེད་པའི་གནོན་ཤུགས་ཐོག་མཐའ་བར་གསུམ་དུ་གནས་པ་དང་། མི་འབོར་འཕེལ་རྒྱས་དེ་ཕྲུ་གུ་ཉུང་བ་དང་། རྒན་རྒོན་མང་བ། ས་ཁོངས་མི་འབོར་འཕར་ཆག་ཆེ་བ་དང་དེ་བཞིན་དཔལ་འབྱོར་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་སོགས་ཀྱི་འཕེལ་ཕྱོགས་ཀྱིས་ལས་ཞུགས་ལ་ཤུགས་རྐྱེན་ཐེབས་ཚད་རིམ་བཞིན་ཆེ་རུ་ཕྱིན་ནས་གྲུབ་ཆའི་རང་བཞིན་གྱི་ལས་ཞུགས་འགལ་ཟླ་ཟམ་མི་ཆད་པར་མངོན་པ། མི་དམངས་མང་ཚོགས་ཀྱིས་སྤུས་ཚད་མཐོ་བའི་འཚོ་བར་བཅངས་པའི་དགོས་མཁོ་ཉིན་རེ་བཞིན་ཆེ་རུ་འགྲོ་བ་དང་ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་དེ་ངལ་རྩོལ་པའི་ཁ་ཚ་དགོས་གཏུགས་ཀྱི་རེ་འདུན་ལ་གྱུར་ཡོད།
ལས་ཞུགས་དུས་བབ་ཀྱི་འགྱུར་ལྡོག་གསར་པ་ཚན་རིག་དང་མཐུན་པའི་སྒོ་ནས་ཁོང་དུ་ཆུད་པར་བྱས་ཏེ་མི་དམངས་མང་ཚོགས་ཀྱི་རེ་སྒུག་གསར་པར་བསྟུན་པ་དང་། སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་ཏན་ཏིག་གཏོང་བར་དམིགས་ནས། ཏང་གི་ཚོགས་ཆེན་ཉི་ཤུ་པའི་ཐོག་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་བའི་ཐད་བཀོད་སྒྲིག་གལ་ཆེན་བྱས་ཡོད།
2024ལོའི་ཟླ་5ཚེས་27ཉིན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་སྐབས་ཉི་ཤུ་པའི་ཀྲུང་དབྱང་ཆབ་སྲིད་ཅུས་ཀྱི་མཉམ་སྡེབ་སློབ་སྦྱོང་ཐེངས་བཅུ་བཞི་པ་གཙོ་སྐྱོང་གནང་བ་དང་འབྲེལ་གསུང་བཤད་གལ་ཆེན་ཡང་གནང་ནས། “སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་སྐུལ་འདེད་གཏོང་རྒྱུ་ནི་དུས་རབས་གསར་པ་དང་རྒྱང་ལམ་གསར་པའི་ལས་ཞུགས་ལས་དོན་གྱི་ངེས་གནས་གསར་པ་དང་འགན་འཁྲི་གསར་པ་རེད”ཅེས་བསྟན་གནང་བ་དང་། “ལས་ཞུགས་མཛའ་གྲོགས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་དགོས”ཞེས་ནན་བཤད་གནང་ནས་དུས་རབས་གསར་པ་དང་རྒྱང་ལམ་གསར་པར་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་དང་ལས་ཞུགས་ལས་དོན་ཡག་པོ་སྒྲུབ་པར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད།
སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཇི་ལྟར་ཐུབ་པ་བྱེད་དགོས་སམ་ཞེ་ན། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“དེ་ནི་བླང་བྱ་ཧ་ཅང་མཐོ་པོ་ཞིག་ཡིན་ལ། གོམ་པ་རིམ་བགྲོད་ཀྱི་བརྒྱུད་རིམ་ཞིག་ཀྱང་ཡིན་པས། ངེས་པར་དུ་གང་ཐུབ་ཅི་ཐུབ་དང་འཁོས་དཔག་ལས་སྒྲུབ་བྱེད་དགོས། ངེས་པར་དུ་མི་དམངས་མང་ཚོགས་ཀྱི་ཧུར་བརྩོན་རང་བཞིན་དང་། རང་འགུལ་རང་བཞིན། གསར་གཏོད་རང་བཞིན་བཅས་སྐུལ་སློང་གང་ལེགས་བྱས་ཏེ། ཚང་མར་འབད་བརྩོན་ཧུར་ཐག་བྱས་ནས་བདེ་སྐྱིད་ལྡན་པའི་འཚོ་བ་གཏོད་པར་ཁྲིད་སྟོན་བྱེད་པ་ལས། ལག་མི་འགུལ་བར་ཁ་སྣུམ་ཚིལ་ཚིལ་དང་དཀའ་ལས་སྐྱ་བས་བརྒྱབ་ནས་ལོངས་སྤྱོད་ཟ་རུས་གཏོང་བའི་དཔེ་ལྟར་བྱ་མི་རུང”ཞེས་གསལ་སྟོན་གནང་ཡོད།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་ཀྱི་རྩ་གནད་ནང“ལོ་ལྔ་ཚན་བཅོ་ལྔ་པའི”རིང་གི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་གཙོ་བོ་ཁ་གསལ་བཏོན་ཡོད་པ་སྟེ“ལས་ཞུགས་སྤྱིའི་ཆ་ནས་བརྟན་པོ་ཡོང་བ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་བརྟག་དཔྱད་བྱས་ཁོངས་ཀྱི་ལས་ཀ་ཤོར་ཚད་5.5%མན་དུ་ཚོད་འཛིན་བྱས་ནས་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་འཕེལ་རིམ་གསར་པ་ཐོབ་པར་བྱེད་དགོས”“སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུ”དེ“དམངས་འཚོ་འགན་ལེན་དང་ལེགས་སུ་གཏོང་ཤུགས་ཆེ་རུ་བཏང་ནས་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས”ཞེས་པའི་ཆེད་དོན་ལེ་ཚན་གྱི་ལས་འགན་ཨང་དང་པོར་བཞག་པ་དང་འབྲེལ། “ལས་ཞུགས་མཛའ་གྲོགས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་གཏོད་དགོས་པར”སྔར་བས་ནན་བཤད་བྱས་ཡོད།
སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“བློ་བརྟན་འགྱུར་མེད་ངང་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱེད་པ་དང་། སྔར་བས་རང་རྟོགས་ངང་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་ཐུབ་པར་བྱ་རྒྱུ་དེ་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་དམིགས་ཚད་དུ་བརྩིས་ཏེ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བརྒྱུད་རིམ་དེ་ལས་ཞུགས་ཀྱི་སྤུས་སྤོར་ཤོང་སྐྱེད་ཀྱི་བརྒྱུད་རིམ་དུ་འགྱུར་བ་བྱས་ནས་འཕེལ་རྒྱས་ཀྱི་ལས་ཞུགས་སྐུལ་ཁྲིད་ནུས་པ་ཆེ་རུ་གཏོང་དགོས”ཞེས་བསྟན་གནང་ཡོད།
ལས་ཞུགས་དམིགས་བཀར་སྲིད་ཇུས་ལ་ཤུགས་སྣོན་བརྒྱབ་ནས། སྲིད་ཇུས་གལ་ཆེན་དང་། རྣམ་གྲངས་གལ་ཆེན། ཐོན་སྐྱེད་ནུས་ཤུགས་གལ་ཆེན་བཅས་ཀྱི་བཀོད་པའི་ལས་ཞུགས་ཤུགས་རྐྱེན་གྱི་དཔྱད་དཔོག་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། དེང་རབས་ཅན་གྱི་ཐོན་ལས་མ་ལག་བཏོད་ནས་སྤུས་ཚད་མཐོ་བའི་ལས་ཞུགས་ལས་གནས་སྔར་བས་མང་བ་གཏོད་དགོས། ལས་རིགས་གསར་པ་དང་ལས་གནས་གསར་པ་སྐྱེད་སྲིང་ཧུར་ཐག་བྱས་ཏེ་གྲངས་འཛིན་དཔལ་འབྱོར་དང་། ལྗང་མདོག་དཔལ་འབྱོར། དབུ་དཀར་དཔལ་འབྱོར་སོགས་ལས་ཞུགས་ཀྱི་བར་མཐོངས་གསར་པ་རྒྱ་སྐྱེད་གཏོང་དགོས། ལས་བརྟན་དང་། ཤོང་སྐྱེད། སྤུས་སྤོར་བཅས་ཀྱི་བྱ་སྤྱོད་ལག་ལེན་བསྟར་ནས་ལས་ཞུགས་མང་བའི་ལས་རིགས་དང་ཁེ་ལས་ཀྱི་ཡིད་དབང་བཀུག་སྟེ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་རྒྱུན་མཐུད་ཆེ་རུ་གཏོང་དགོས། ཕྱི་རོལ་ཁོར་ཡུག་གི་འགྱུར་ལྡོག་དང་མི་ཐབས་རིག་ནུས་སོགས་ལག་རྩལ་གསར་པ་འཕེལ་རྒྱས་ཀྱིས་ལས་ཞུགས་ལ་ཤུགས་རྐྱེན་བཟོ་བར་ཕྱོགས་བསྡུས་ཁ་གཏད་འཇལ་དགོས།
“ལོ་ལྔ་ཚན་བཅོ་ལྔ་པའི”འཆར་འགོད་རྩ་གནད་ནང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལམ་རིས་བཟོས་ཏེ་སྤུས་ཚད་མཐོ་པོས་ལས་ཞུགས་གང་ལེགས་ཡོང་བར་སྐུལ་འདེད་གཏོང་རྒྱུར་བར་མཐོངས་ཆེན་པོ་ཞིག་གཏོད་ཡོད།
གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱེད་དགོས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལས་ཞུགས་ཁྱབ་ཁོངས་སུ་ཐོན་པའི་གནས་ཚུལ་གསར་པ་དང་གནད་དོན་གསར་པར་ཚད་མཐོའི་དོ་ཁུར་གནང་ནས། མཛུབ་སྟོན་གལ་ཆེན་རབ་དང་རིམ་པ་གནང་སྟེ་ཐག་གཅོད་བྱེད་ཐབས་འཚོལ་ཞིབ་བྱ་རྒྱུར་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་པ་རེད།
ལས་ཞུགས་ཁྱབ་ཁོངས་ཀྱི་གྲུབ་ཆའི་རང་བཞིན་གྱི་འགལ་བར་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས“ད་ཆ་ངལ་རྩོལ་ནུས་ཤུགས་ཀྱི་ཁྲོམ་ར་ཁག་གཅིག་ལ་མི་ཁ་ཐང་བ་དང་ཤེས་ལྡན་པ་དཀོན་པ་དང་། ཁག་གཅིག་ལ་མཁོ་ཉུང་སྤྲོད་མང་གི་རྣམ་པ་ཐོན་པ་དེ་ནི་གྲུབ་ཆའི་རང་བཞིན་གྱི་གནད་དོན་ཞིག་རེད”ཅེས་གསུངས་པ་དང་། ཁོང་གིས་ལས་རིགས་སློབ་གསོའི་སྒྱུར་བཅོས་སྔར་བས་ཟབ་ཏུ་གཏོང་དགོས་པའི་ནན་བཤད་གནང་ཡོད།
གཙོ་གནད་ཚོགས་པའི་ལས་ཞུགས་ལ་དམིགས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ས་གནས་ས་ཐོག་ཏུ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་དོན་ལ་རྟོག་ཞིབ་གནང་ནས། “རྒྱལ་ཁབ་འཕེལ་རྒྱས་ཀྱི་ཕྱོགས་གང་སར་ཤེས་ལྡན་པ་མཁོ་བས་གཙོ་བོ་དེ་མིའི་བྱང་ཚད་མཐོ་རུ་གཏོང་རྒྱུར་ཐུག་ཡོད། སློབ་གྲྭའི་ཆེད་ལས་བཀོད་སྒྲིག་དང་སློབ་མའི་ཤེས་བྱའི་གྲུབ་ཆ་ཡང་སྤྱི་ཚོགས་ཀྱི་ལས་ཞུགས་གྲུབ་ཆ་དང་མཐུན་དགོས་ལ། ཤེས་ལྡན་པར་དེ་མཚུངས་ཀྱི་གནས་བབ་དང་ཐོབ་ཐང་ཡང་སྤྲོད་དགོས”ཞེས་ནན་བཤད་གནང་བ་རེད།
ལས་ཞུགས་ནི་ཁྱིམ་ཚང་གི་བྱ་བ་ཙམ་ཡིན་པ་མ་ཟད། རྒྱལ་ཁབ་ཀྱི་བྱ་བ་ཡང་ཡིན། ལས་ཞུགས་དེ་དམངས་འཚོའི་དོན་ཆེན་ཨང་དང་པོར་བརྩིས་ནས་དམ་འཛིན་བྱས་ཏེ་སྤུས་ཚད་མཐོ་བའི་ལས་ཞུགས་གང་ལེགས་བྱེད་པ་དང་ལས་ཞུགས་མཛའ་གྲོགས་རྣམ་པའི་འཕེལ་རྒྱས་གཏོང་སྟངས་བཏོད་ནས། མིའི་ཕྱོགས་ཡོངས་འཕེལ་རྒྱས་དང་དམངས་ཡོངས་ཐུན་མོང་འབྱོར་ཕྱུག་ཡོང་བར་སྐུལ་འདེད་གཏོང་བར་གོམ་སྟབས་བརྟན་པོ་སྤོ་བ་དང་རྨང་གཞི་བརྟན་པོ་བཏིང་སྟེ། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གཞི་རྩའི་ཆ་ནས་མངོན་འགྱུར་བྱེད་པར་ཐག་གཅོད་རང་བཞིན་གྱི་གྲུབ་འབྲས་ཐོན་རྒྱུར་འདེགས་སྐྱོར་ནུས་ལྡན་བྱེད་དགོས།
(ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་འབྱོར་བའི་གློག་འཕྲིན)
འབྲེལ་ཡོད་གསར་འགྱུར།