དབུ་ཤོག>གསར་འགྱུར།>བོད་འབྲེལ་གསར་འགྱུར།
  • ས་བབ་སྨི་4800ཟིན་པའི་ས་ཆར་འཛམ་གླིང་ཡང་རྩེའི་གནམ་གཤིས་ལ་ལྟ་སྲུང་བྱེད་པ།

    ——འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལས་རེས་གནམ་གཤིས་ས་ཚིཌ་སུ་ལྟ་བར་བསྐྱོད་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།   |     སྤེལ་དུས།  2026-03-25

    ད་ལོའི་ཟླ་3ཚེས་23ཉིན་ནི་འཛམ་གླིང་གནམ་གཤིས་ཉིན་མོ་ཐེངས་66པ་དེ་རེད། འཛམ་གླིང་གི་ས་བབ་མཐོ་ཤོས་ཀྱི་ལས་རེས་གནམ་གཤིས་ས་ཚིགས་ཏེ། བོད་ལྗོངས་ནག་ཆུ་གྲོང་ཁྱེར་ཨ་མདོ་གནམ་གཤིས་ས་ཚིགས་སུ་གནམ་གཤིས་ལས་དོན་པ་ཚོས་ཉིན་ལྟར་གནམ་གཤིས་ལ་ལྟ་ཞིབ་ཚད་འཇལ་བྱས་ཏེ། གྲངས་གཞིའི་ཐོག་ནས་མཚོ་བོད་ས་མཐོར་ཁ་ཆར་བུ་ཡུག་འཚུབ་པའམ་གནམ་དྭངས་པ་སོཌ་ཀྱི་གནམ་གཤིས་ཀྱི་འགྱུར་ལྡོག་གནས་ཚུལ་ཟིན་ཐོར་འགོད་བཞིན་ཡོད།

    ཨ་མདོ་གནམ་གཤིས་ས་ཚིགས་ནི་1965ལོར་བསྐྲུན་པ་དང་དེར་ས་བབ་སྨི་4800ཟིན་པས“གནམ་འོག་གི་གནམ་གཤིས་ས་ཚིགས་དང་པོ”ཞེས་བརྗོད་ཀྱི་ཡོད།

    ཞོགས་པའི་ཆུ་ཚོད་བརྒྱད་པར། སྒེའུ་ཁུང་ཕྱི་རོལ་དུ་སྔར་བཞིན་མུན་འཐིབས་པ་དང་གྲང་རླུང་འུར་འུར་ལྡང་བཞིན་ཡོད་ཀྱང་། ཨ་མདོ་རྫོང་གནམ་གཤིས་ཅུས་ཀྱི་ལས་དོན་པ་ཉི་མས་བྱ་སྤུའི་སྟོད་ཐུང་དང་ལག་ཤུབས་གྱོན་པ་དང་ལག་ཏུ་གློག་བཞུ་ཁྱེར་ནས། ཨ་མདོ་གནམ་གཤིས་ས་ཚིགས་ཀྱི་ལྟ་ཞིབ་ཚད་འཇལ་ཁང་དུ་འཁྱགས་སའི་མཐུག་ཚད་འཇལ་བྱེད་ཀྱི་སྦུ་གུ་འཐེན་པར་བསྐྱོད།

    “སྨི་2འདུག”ཅེས་ཁོང་གིས་གློག་འོད་འོག་ཚད་རྟགས་ལ་གསལ་པོར་བལྟས་ཏེ་ཟིན་ཐོ་ནན་ཏན་ངང་བཀོད།

    འཁྱགས་ས་ནི་ས་མཐོའི་སྐྱེ་ཁམས་ཀྱི“རྩིག་རྨང”ལྟ་བུ་ཡིན་པ་དང་། དེའི་རིང་ཚད་ཀྱིས་གནམ་གཤིས་ལ་འགྱུར་ལྡོག་བྱུང་ཚུལ་ཐད་ཀར་མཚོན་གྱི་ཡོད་པས། འཁྱགས་སར་ལྟ་ཞིབ་ཚད་འཇལ་བྱེད་པ་ནི་ཨ་མདོ་གནམ་གཤིས་ལས་དོན་པའི་རྒྱུན་གཏན་གྱི་ལས་ཀར་གྱུར་ཡོད།

    2019ལོར། ཉི་མ་ནན་ཅིང་ཆ་འཕྲིན་བཟོ་སྐྲུན་སློབ་ཆེན་ནས་ཐོན་རྗེས་དེ་གར་ལས་ཀར་ཞུཌ་ཤིང་། ད་བར་ལོ་7ཏག་ཏག་སོང་ཡོད། ས་བབ་སྨི་4000ཙམ་ཟིན་པའི་ཁོང་གི་ཕ་ཡུལ་གཞིས་རྩེ་གྲོང་ཁྱེར་རིན་སྤུངས་རྫོང་ནི་ཨ་མདོ་ལས་ས་བབ་སྨི་800ཙམ་གྱིས་དམའ་བ་ཡོད།

    ཨ་མདོ་རྫོང་དུ་ས་ངོས་ཀྱི་རང་འགུལ་གནམ་གཤིས་ལྟ་ཞིབ་ཚད་འཇལ་ས་ཚིགས་ཁག་29ཡོད་པ་དང་ཐག་རིང་ཤོས་ཀྱི་ས་ཚིགས་དེ་ཨ་མདོ་རྫོང་གནམ་གཤིས་ཅུས་དང་བར་ཐག་སྤྱི་ལེ་500ལྷག་ཙམ་ཆོད་ཡོད། ཨ་མདོའི་རང་བྱུང་ཁོར་ཡུག་ནི་ལྷགས་པ་མང་བ་དང་། གངས་མང་བ། གྲང་ངར་ཆེ་བའི་གནམ་གཤིས་བསྟན་མང་བས། སྒྲིག་ཆས་ལ་སྐྱོན་ཤོར་སླ་པོ་ཡོད།

    གནམ་གཤིས་ལྟ་ཞིབ་ཚད་འཇལ་གྱི་གྲངས་གཞིར་མཚོན་བྱེད་རང་བཞིན་དང་། ཡང་དག་རང་བཞིན། བསྡུར་བའི་རང་བཞིན་བཅས་ལྡན་དགོས་པས་གྲངས་གཞི་ཚང་མ་ཧ་ཅང་རྩ་ཆེན་ཡིན།

    ཨ་མདོ་རྫོང་གི་གནམ་གཤིས་འགྱུར་ལྡོག་ཆེ་བས་ལོ་ཧྲིལ་པོར་རླུང་འགོག་ཐོག་འགོག་བྱེད་དགོས། ལོ་གཅིག་ནང་རིམ་པ་8ཡན་གྱི་ལྷགས་པ་བརྒྱབ་པའི་ཉིན་གྲངས་140ལྷག་ཙམ་ཟིན་པ་དང་དྲོད་ཚད་དམའ་ཤོས་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་43.2ཟིན་གྱི་ཡོད། ལོ་རེར་ཆ་སྙོམས་ཐོག་བརྒྱབ་པའི་ཉིན་གྲངས་90ལས་བརྒལ་བ་དང་། ལོ་རེར་ཆ་སྙོམས་སེར་བ་བབས་པའི་ཉིན་གྲངས་70ལས་བརྒལ་གྱི་ཡོད།

    ལོ་61གི་གོང་དུ། ཨ་མདོ་གནམ་གཤིས་ས་ཚིགས་ཀྱི་ཀྲན་ཀྲང་ཐོག་མ་ཁྲེན་ཅིན་ཧྲུའེ་ཡིས་གདང་ལའི་ལྷོ་འདབས་སུ་གུར་ཕུབ་ནས་གནམ་གཤིས་སྐོར་གྱི་གྲངས་གཞི་དང་པོ་དེ་ཐོར་བཀོད་པ་རེད། ལོ་61གི་རྗེས་སུ། གཞོན་ནུ་8ཀྱིས་རྒྱུག་མཐུད་དབྱུག་པ་བླངས་ནས་མཚོ་བོད་ས་མཐོའི་གནམ་གཤིས་འགྱུར་ལྡོག་མུ་མཐུད་ཟིན་ཐོར་འགོད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།