2026ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་བྱ་སྤྱོད་ཀོང་ཏུང་ཏུང་ཀོན་དུ་སྤེལ་འགོ་ཚུགས་པ།
ཤིན་ཧྭ་གསར་འགྱུར་ཁང་ཀོང་ཀྲོའུ་ནས་ཟླ་3ཚེས་22ཉིན་གློག་འཕྲིན་འབྱོར་གསལ། ཚེས་21ཉིན། ཀོང་ཏུང་ཞིང་ཆེན་ཏུང་ཀོན་གྲོང་ཁྱེར་ཏུང་ཀོན་སློབ་འབྲིང་དུ་2026ལོའི་གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་བྱ་སྤྱོད་སྤེལ་འགོ་ཚུགས་ཤིང་། བྱེད་སྒོ་སྤེལ་ཡུལ་དུ“གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྤྱི་ཕན་བྱ་སྤྱོད་འཆར་གཞི”དང་། དེ་བཞིན་ཚན་རིག་ཁྱབ་གདལ་དང་ཚན་རྩལ་གསར་གཏོད། རོགས་སྐྱོབ་གཞོགས་འདེགས་སོགས་རིགས་8ཚུད་པའི་སྤྱི་ཕན་རྣམ་གྲངས་120ལྷག་ཙམ་ཁྱབ་བསྒྲགས་བྱས་པ་རེད།
བྱེད་སྒོ་སྤེལ་ཡུལ་དུ་ད་དུང་2025ལོའི་སྤྱི་ཕན་རྣམ་གྲངས་ཀྱི་གྲུབ་འབྲས་བཤམས་ཏེ་ཕྱིར་དྲན་ཡང་བྱས་པ་རེད། འདས་ཟིན་པའི་ལོ་གཅིག་གི་རིང་། གཡོད་ཀང་ཨའོ་ཁུག་ཆེན་ཁུལ་གྱི་སློབ་གྲྭ་300ལྷག་ཙམ་དང་། སྤྱི་ཚོགས་རྩ་འཛུགས་དང་སྤྱི་ཕན་སྒྲིག་གཞི་120ལྷག་ཙམ་བྱེད་སྒོའི་ནང་ཞུགས་ཏེ། ལོ་ཧྲིལ་པོར་དྲ་ཐོག་དང་དྲ་ཕྱི་ནས་ཞུགས་པའི་མི་གྲངས་ཁྱོན་ཁྲི་157ཟིན་ཡོད།
ཀོང་ཏུང་ཞིང་ཆེན་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱི་ཀྲུའུ་ཞི་ཁྲེང་ཕིང་གིས། སྤྱི་ཕན་བྱ་སྤྱོད་ཀྱིས་གཡོད་ཀང་ཨའོ་ཁུལ་གྱི་གཞོན་ནུ་ལོ་ཆུང་གི་སྤེལ་རེས་དང་། འགྲོ་འོང་། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་རྒྱུར་དམ་པོར་དམིགས་ཏེ། གཞོན་ནུ་ལོ་ཆུང་གི་སྤྱི་ཕན་བྱ་གཞག་འཕེལ་རྒྱས་ལ་སྐུལ་མ་གཏོང་གི་ཡོད། བྱེད་སྒོའི་ནང་ཞུགས་མཁན་སློབ་གྲོགས་ཚོས་རྒྱལ་གཅེས་ཀང་གཅེས་ཨའོ་གཅེས་ཀྱི་སྲོལ་རྒྱུན་བཟང་པོ་རྒྱུན་འཛིན་བྱས་ནས་སྤྱི་ཕན་གྱི་བྱ་སྤྱོད་སྤེལ་རིང་གཅེས་སེམས་བརྒྱུད་སྤྲོད་དང་འགན་འཁྲི་ལག་ལེན་བསྟར་ཏེ་སྤེལ་རེས་དང་འགྲོ་འོང་ཁྲོད་མཐོང་རྒྱ་དང་ཐོས་རྒྱ་ཆེ་རུ་འགྲོ་བ་དང་། མཛའ་གྲོགས་ཟབ་ཏུ་འགྲོ་བའི་རེ་བ་ཡོད་ཅེས་བརྗོད་པ་རེད།
ཏུང་ཀོན་སློབ་འབྲིང་མཐོ་འབྲིང་ལོ་རིམ་གཉིས་པའི་སློབ་མ་ལིའུ་ཁོ་ཏ་ཡིས། ད་ཐེངས་ཀྱི་བྱེད་སྒོར་གཡོད་ཀང་ཨའོ་ས་གནས་གསུམ་གྱི་གཞོན་ནུ་ཏུང་ཀོན་དུ་འཚམས་འདྲི་དང་ལྟ་སྐོར་དུ་གདན་ཞུ་བྱས་ཡོད་ལ་ས་གནས་འདི་གའི་མི་ཞིག་ཡིན་པའི་ངོས་ནས་ང་ལ་སྤོབས་པ་ཆེན་པོ་སྐྱེས་བྱུང་། “ཤང་ཀང་དང་ཨའོ་མོན་གྱི་གཞོན་ནུ་ཚོས་ནང་སའི་ཚན་རྩལ་འཕེལ་རྒྱས་ཐད་ཀར་མྱོང་ཚོར་ཐུབ་པ་མ་ཟད། རྟེན་མཛོད་ཁང་དང་དྲན་གསོ་ཁང་དུ་ལོ་རྒྱུས་བསྐྱར་དྲན་བྱས་ནས་གཡོད་ཀང་ཨའོ་ས་གནས་གསུམ་གྱི་ཤ་རུས་གཅིག་འབྲེལ་གྱི་བརྩེ་སེམས་ཀྱང་ཚོར་ཐུབ”ཅེས་བཤད་པ་རེད།
ད་ཐེངས་ཀྱི་བྱེད་སྒོ་ནི་ཀྲུང་གོ་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་ཀྱིས་གཙོ་གཉེར་བྱས་ཤིང་། ཀོང་ཏུང་ཞིང་ཆེན་སུང་ཆིང་ལིང་ཐེབས་རྩ་ལྷན་ཚོགས་དང་། ཤང་ཀང་སུང་ཆིང་ལིང་ཐེབས་རྩ། ཨའོ་མོན་ཐེབས་རྩ་ལྷན་ཚོགས་བཅས་ཀྱིས་མཉམ་དུ་གཙོ་གཉེར་བྱས་པ་ཞིག་རེད། བྱེད་སྒོའི་གཙོ་གཉེར་ཚན་པ་དང་། གཡོད་ཀང་ཨའོ་ལས་རིགས་ཁག་གི་མི་སྣ། ཁུག་ཆེན་ཁུལ་གྱི་སྤྱི་ཕན་སྒྲིག་གཞི། གཞོན་ནུ་ལོ་ཆུང་གི་འཐུས་མི་སོགས་མི་གྲངས་300ལྷག་ཙམ་འགོ་ཚུགས་མཛད་སྒོར་ཞུགས་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།