དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ལྷ་ས་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་གྱིས་དམངས་འཚོའི་སེམས་སྦྲེལ་ཟམ་པ་བཏོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    ཐད་སྦྲེལ་ཁ་པར་གཅིག་གིས་ཁྱིམ་ཚང་ཁྲི་སྟོང་མང་པོ་འབྲེལ་བ་དང་། ལོ་བཅུའི་རིང་བརྟན་སྲུང་ལ་བརྟེན་ནས་དམངས་འཚོར་དྲོ་སྐྱིད་སྦྱིན་ཡོད། བོད་རང་སྐྱོང་ལྗོངས་ཀྱི་ལྟེ་བའི་གྲོང་ཁྱེར་གྱི་སྲིད་དོན་ཞབས་ཞུའི་དམངས་ཕན་ཐད་སྦྲེལ་ཁ་པར་ཡིན་པའི་ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་བརྟན་སྲུང་བྱས་ཏེ་ཆུ་ཚོད་24ཉིན་མཚན་བལྟོས་མེད་ཀྱིས་ཞབས་འདེགས་ཞུ་བ་དང་། སྲིད་དོན་ཐོན་ཁུངས་རྒྱུན་མཐུད་བསྡུ་སྒྲིལ་བྱེད་པ། སྡེ་ཚན་གྱི་ཆ་འཕྲིན་བཀག་རྒྱ་ལས་སྒྲོལ་བ་བཅས་བྱས་ནས“ཁ་པར་མགྱོགས་པོ་ལེན་པ་དང་། ལས་བགོས་གནད་འཁེལ། སྒྲུབ་གཉེར་ཏན་ཏིག”བཅས་ལས་ཀའི་ཚད་གཞིར་བྱས་ནས་ཏང་དང་སྲིད་གཞུང་དང་མི་རིགས་ཁག་གི་མང་ཚོགས་དབར་ནམ་ཡང་འབྲེལ་བ་མི་ཆད་པའི“སེམས་སྦྲེལ་ཟམ་པ”བསྐྲུན་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་དུས་རབས་གསར་པའི་གངས་ལྗོངས་ཀྱི་དམངས་འཚོའི་རྒྱུགས་ལན་ཞིག་འབུལ་བཞིན་མཆིས།

    “ཁམས་བཟང་། འདི་གར་ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་ཡིན། ཁྱེད་ལ་ཕྱག་ལས་གང་ཡོད་དམ”ཞེས་སེམས་རྩ་འཁོལ་བའི་སྐད་ཆ་འདི་ལོ་བཅུའི་རིང་ཐད་སྦྲེལ་ཁ་པར་བདག་སྤྲོད་ཚོམས་ཆེན་ནས་རིམ་རྩིས་བརྒྱབ་ན་ཁ་པར་ལེན་ཐེངས་ཁྲི་100ལྷག་ཙམ་ཟིན་ཞིང་། འཚམས་འདྲི་ཞུ་ཐེངས་ཁྲི་བརྒྱ་ཡི་རྒྱབ་ཏུ་མང་ཚོགས་ཀྱི་རེ་ཞུ་ཁྲི་བརྒྱ་ལྷག་ཙམ་བདག་སྤྲོད་ནན་ཏན་བྱས་པ་དེ་ནི་དམངས་འཚོའི་རེ་སྒུག་ཁྲི་བརྒྱ་ལྷག་ཙམ་ལ་ནུས་ཤུགས་ཡོད་རྒུས་ལན་བཏབ་པ་ཞིག་རེད་ལ། ལོ་བཅུ་ཉིན་གཅིག་ལྟར་བརྟན་སྲུང་དང་འགན་འཁྲི་འཁུར་བ་ཞིག་དེ་བས་ཀྱང་རེད།

    ལོ་བཅུའི་རིང་། ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་ཀྱིས་ཐོག་མཐའ་བར་གསུམ་དུ་མང་ཚོགས་ཀྱི་འཕྲལ་མཁོ་དང་། དཀའ་ངལ། སེམས་ཁྲལ། རེ་སྒུག་བཅས་ཀྱི་གནད་དོན་ལ་དམིགས་ཏེ་བདག་སྤྲོད་བྱས་པའི་ཁྱབ་ཁོངས་ཆུ་གློག་དྲོད་རླངས་འགན་སྲུང་དང་། འཛད་སྤྱོད་ཀྱི་རྩོད་གཞི་འདུམ་འགྲིག འགྲིམ་འགྲུལ་ཕྱོགས་ཐོན་གྱི་ཁྲིད་སྟོན། སྲིད་ཇུས་ཀྱི་བློ་འདྲི་གསལ་འགྲེལ། འཕྲལ་སྡོམ་རོགས་སྐྱོབ་སོགས་དམངས་འཚོའི་ཁྱབ་ཁོངས་ཡོངས་ལ་ཁྱབ་པར་བྱས་ནས། མང་ཚོགས་ཀྱིས་རེ་ཞུ་དང་། ཐད་སྦྲེལ་ཁ་པར་ནས་བདག་སྤྲོད་བྱེད་པ། གནད་དོན་དོན་འཁྱོལ་བཅས་དངོས་འབྲེལ་ཐུབ་པར་བྱས་པས། ལྷ་སའི་གྲོང་མིས་དོན་དག་འཕྲད་སྐབས་རོགས་སྐྱོབ་ཞུ་བ་དང་ལས་དོན་སྒྲུབ་སྐབས་བློ་འདྲི་བྱེད་སའི་བློས་འཁེལ་བའི་གདམ་ག་དང་པོར་གྱུར་ཡོད།

    ཞབས་ཞུ་དེ་བས་ནུས་ལྡན་དང་ཡག་པོ་ཞུ་ཆེད། ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་ཀྱིས་ལམ་སྲོལ་གསར་གཏོད་ཐད་རྒྱུན་ཆད་མེད་པར་ཤུགས་སྣོན་བརྒྱབ་ནས་དམངས་འཚོའི་ཞབས་ཞུའི་བརྒྱུད་རིམ་གྱི་འགོག་རྐྱེན་དང་སྡེ་ཚན་དབར་མཐུན་སྦྱོར་ཡག་པོ་མ་བྱུང་བ་སོགས་ཀྱི་དཀའ་གནད་ནུས་ཤུགས་ཡོད་རྒུས་བསལ་བ་རེད། ལས་སྟེགས་ཀྱིས་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་དོ་དམ་མ་ལག་བཙུགས་ཏེ་མང་ཚོགས་བློ་ཡིད་ཚིམ་ཚད་དེ་ལས་དོན་ལ་ཞིབ་དཔྱད་བྱེད་པའི་ཚད་གཞི་གཙོ་བོར་བརྩིས་ནས། ལས་ཐོ་བདག་སྤྲོད་དང་། སྒྱུར་བགོས། སྒྲུབ་གཉེར། ལྟ་སྐུལ་སྒྲུབ་གཉེར། བསྐྱར་ལན་སློག་པ་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོ་རྒྱུན་མཐུད་ལེགས་སུ་བཏང་བ་རེད།

    དེ་དང་ཆབས་ཅིག “འགོ་གཙོ་དང་པོས་དམངས་འཚོར་ཉན་པ”དང་། “ཟླ་རེར་བརྗོད་དོན་གཙོ་བོ་རེ” “ལས་ཐོ་སྒྲུབ་པ་དང་། དངོས་སྡོད་ཞིབ་བཤེར་བྱེད་པ། བྱ་བ་དངོས་སྒྲུབ་པ”སོགས་ཀྱི་དངོས་སྒྲུབ་བྱ་ཐབས་རབ་དང་རིམ་པ་གསར་གཏོད་བྱས་ཏེ་མང་ཚོགས་ཀྱིས་གླེང་མང་བའི་དཀའ་གནད་ལ་ཐད་ཀར་དམིགས་ཏེ་དམངས་འཚོའི་དཀའ་གནད་དེ་དག“གཞན་བརྟེན་ཐག་གཅོད་བྱེད་པ”ནས“རང་འགུལ་གྱིས་འགག་སྒྲོལ”བྱེད་པའི་བར་འགྱུར་ལྡོག་འགྲོ་བར་སྐུལ་འདེད་བཏང་བ་རེད།

    ཉིན་མཚན་དབྱེར་མེད་ཀྱི་ཐད་སྦྲེལ་ཁ་པར་གྱི་དྲིལ་བརྡའི་རྒྱབ་ཏུ་སྐད་གྲགས་མེད་པར་བརྟན་སྲུང་དང་སྒེར་སེམས་མེད་པར་ལེགས་སྐྱེས་འབུལ་མཁན་སྲིད་དོན་ཞབས་ཞུའི་ལས་དོན་པ་འབོར་ཆེན་ཞིག་ཡོད། ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་ཀྱིས་ལོ་ཧྲིལ་པོར་ངལ་གསོ་མི་རྒྱག་པ་དང་ཆུ་ཚོད་24རིང་ལས་གནས་བརྟན་སྲུང་དང་། ལས་དོན་པས་དུས་ཆེན་དང་ངལ་གསོ་བློས་གཏོང་གིས་ལས་གནས་བརྟན་སྲུང་བྱས་ཏེ་ངང་རྒྱུད་རིང་པོས་མང་ཚོགས་ཀྱི་རེ་ཞུ་ཉན་པ་དང་། ཆེད་ལས་ལ་བརྟེན་ནས་མང་ཚོགས་ཀྱི་དོགས་གནད་ལ་ལན་འདེབས་པ། འགན་འཁྲིར་བརྟེན་ནས་ལས་ཐོ་ཚང་མ་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་སྐུལ་འདེད་གཏོང་གི་ཡོད།

    ལོ་བཅུའི་རིང་ངལ་བ་ཁྱད་བསད་དང་ལོ་བཅུའི་རིང་འབད་འབུངས་མདུན་སྐྱོད་བྱས་ཤིང་། འཁོར་སྐྱོད་བྱེད་འགོ་ཚུགས་པ་ནས་སྤུས་ཚད་མཐོ་རུ་གཏོང་བའི་བར་དང་། ཁ་ཐོར་ངང་བདག་སྤྲོད་བྱེད་པ་ནས་གདུབ་ཟུམ་དོ་དམ་བྱེད་པའི་བར། ལྷ་སའི་ཐད་སྦྲེལ་ཁ་པར་12345ལས་སྟེགས་དེ་ཉིད་གྲོང་ཁྱེར་ཡོངས་ཀྱི་སྲིད་དོན་ཞབས་ཞུ་སྒྱུར་བཅོས་ཀྱི་ཚད་ཤིང་དང་། དམངས་འཚོ་འགན་སྲུང་གི་འདེགས་སྐྱོར་གལ་ཆེན། མི་རིགས་མཐུན་སྒྲིལ་གྱི་གསོན་ཉམས་ལྡན་པའི་སྒྲོག་ཐག་བཅས་སུ་རིམ་བཞིན་གྱུར་ཡོད།

    ཞུ་རེ་ཁྲི་བརྒྱ་གྲངས་ཕན་འབྲས་མཐོ་པོས་གཉེར་བ་དེས་དམངས་འདོད་མཚོན་ཐབས་ཤར་གཏོང་ཐུབ་པ་མ་ཟད། སྲིད་གཞུང་དང་མང་ཚོགས་དབར་གྱི་བར་ཐག་དེ་བས་ཉེ་རུ་ཕྱིན་པ་དང་གཞི་རིམ་སྤྱི་ཚོགས་བཅོས་སྐྱོང་གི་རྨང་གཞི་བརྟན་དུ་ཕྱིན་ནས་མི་རིགས་ཁག་གི་མང་ཚོགས་ཀྱི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་རྒྱུན་མཐུད་ཆེ་རུ་ཕྱིན་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།