སྟོད་ལུང་བདེ་ཆེན་ཆུས་རྒྱལ་ཡོངས་ཀྱི་དཔེ་མཚོན་དུ་བདམས་པ།
ས་མཐོའི་དྲ་ཐོག་ཚོང་དོན་གྱི་ཐོན་ལས་མགྱོགས་མྱུར་འཕེལ་རྒྱས་ཕྱིན་པ།
ཧྲན་ཏུང་ཞིང་ཆེན་ཧོ་ཙེ་གྲོང་ཁྱེར་ཚའོ་རྫོང་དུ་སྤེལ་བའི་2025ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་སྤེལ་རེས་བྱེད་སྒོའི་ཐོག ལྷ་ས་གྲོང་ཁྱེར་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་མངོན་གསལ་དོད་པའི་གྲུབ་འབྲས་ལ་བརྟེན་ནས། “2025ལོའི་རྒྱལ་ཡོངས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་གྱི‘སྣེ་ཁྲིད་རྫོང’གི་དཔེ་མཚོན་དང“2025ལོའི་རྫོང་ཁོངས་ཐད་གཏོང་དྲ་ཚོང་ལྟེ་གནས་ཀྱི་དཔེ་མཚོན”དུ་བདམས་པས། ལོ་འཁོར་འདིར་རང་ལྗོངས་ནས་བདམས་པའི་དྲ་ཐོག་ཚོང་དོན་ཐད་གཏོང་ལྟེ་གནས་འབའ་ཞིག་ཏུ་གྱུར་ཡོད།
ཉེ་བའི་ལོ་ཤས་རིང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་དྲ་ཐོག་ཚོང་དོན་ཐད་གཏོང་རྟེན་གཞི་སྔོན་ལ་བསྐྲུན་ཞིང་། མཛོད་ཉར་དང་། ཐད་གཏོང་། ཕྱིར་ཚོང་། བཙོངས་རྗེས་ཀྱི་ཞབས་ཞུ་བཅས་གཞི་གཅིག་ཏུ་འདུས་པའི“ཐད་གཏོང+ཚོང་ར”མཉམ་འདྲེས་ཀྱི་རྣམ་པ་གསར་གཏོད་བྱས་ནས་བསྐྲུན་ཡོད། དེས་ས་མཐོའི་གྲོང་གསེབ་ཀྱི་དྲ་ཐོག་ཚོང་དོན་ཁྱབ་ཁོངས་ཀྱི་རང་ངོས་ཀྱི་ཚད་ཤིང་གནས་བབ་བརྟན་དུ་ཕྱིན་པ་མ་ཟད། བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཐོན་ལས་གྲངས་འཛིན་ཅན་གྱི་ཕྱོགས་སྒྱུར་ལ་གསོན་ཉམས་ལྡན་པའི་དཔེ་མཚོན་དེ་བས་མཁོ་འདོན་བྱས་ཡོད།
1“ཐད་གཏོང+ཟོག་འགྲུལ”གྱི་སྒུལ་ཤུགས་ཆེན་པོ་གཉིས་ལ་བརྟེན་ནས་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་བཏང་བ།
བོད་ཀྱི་དཔེ་མཚོན་གཉིས་ལ་བདམས་པའི་ས་ཁོངས་འབའ་ཞིག་ཡིན་པའི་སྟོད་ལུང་བདེ་ཆེན་ཆུས་ཀྱི་ལྟེ་བའི་འགྲན་རྩོད་ནུས་པ་ནི་དེས་བསྐྲུན་པའི“ཐད་གཏོང+ཟོག་འགྲུལ”སྒུལ་ཤུགས་གཉིས་ཀྱི་དྲ་ཐོག་ཚོང་དོན་གྱི་སྐྱེ་ཁམས་གདུབ་ཟུམ་དང་དེ་བཞིན་ས་མཐོའི་དམིགས་བསལ་ཁྱད་པར་ཅན་གྱི་ཐོན་རྫས་ལེགས་ཆ་ལས་བྱུང་བ་ཞིག་རེད། སྟོད་ལུང་བདེ་ཆེན་ཆུས་ཀྱི་དྲ་ཚོང་ཐད་གཏོང་རྟེན་གཞིའི་འགན་འཁུར་བ་ལིའུ་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། ཆུས་དེས་རྒྱ་ཁྱོན་སྨི་ངོས་གྲུ་6900ཟིན་པའི་དྲ་ཚོང་ཐད་གཏོང་རྟེན་གཞི་དང་འགྲེམས་ཁང་སྔོན་ལ་བསྐྲུན་པ་དང་། མཉམ་སྤྱོད་ཐད་གཏོང་ཁང་དང་སྤྱི་པའི་འགྲེམས་ཁང་སོགས་ལེ་ལག་ཚང་བའི་སྒྲིག་ཆས་བཀོད་སྒྲིག་བྱས་པས། དྲ་ཐོག་ཚོང་དོན་ཁེ་ལས་13ཞུགས་པའི་ཡིད་དབང་བཀུག་པ་དང་། ཆེད་ལས་ཐད་གཏོང་བ་30གསོ་སྐྱོང་བྱས་པས། ཐད་གཏོང་ཕྱིར་ཚོང་དང་། མངགས་ཐོ་ཐག་གཅོད། ཚོང་རྗེས་ཀྱི་རྗེས་སྙེག་བརྒྱུད་རིམ་ཚང་མ་ཡུལ་དེ་རང་ནས་གཉེར་སྐྱོང་ཐུབ་ནས། ཉིན་རེར་ཆ་སྙོམས་མྱུར་སྐྱེལ་བསྐུར་མ་5000ཙམ་ཐག་གཅོད་བྱེད་ཀྱི་ཡོད།
དེ་དང་ཆབས་ཅིག ལྷ་སའི་ནུབ་སྒོ་ཆེན་པོ་ཡིན་པའི་སྟོད་ལུང་བདེ་ཆེན་ཆུས་ལ་ཟོག་འགྲུལ་ལྟེ་གནས་ཀྱི་ལེགས་ཆ་ལྡན་ཡོད། ས་ཁོངས་གཞན་དང་བསྡུར་ན་དེ་གའི་དྲ་ཐོག་ཚོང་དོན་གཅིག་སྡུད་བྱེད་ཚད་དེ་བས་ཆེ་བ་དང་ཟོག་འགྲུལ་མ་གནས་དེ་བས་དམའ་བ་ཡོད་པ་རེད།
དཔེ་མཚོན་གཉིས་ལ་བདམས་པ་དེས་སྟོད་ལུང་བདེ་ཆེན་ཆུས་ཀྱི་གྲོང་གསེབ་དྲ་ཐོག་ཚོང་དོན་འཕེལ་རྒྱས་མྱུར་པོ་ཕྱིན་ཞིང་། ཐོན་ལས་འཕེལ་རྒྱས་ཀྱི་རིམ་ངོས་ནས་བལྟས་ན། དེས་ས་གནས་དེ་གའི་དྲ་ཐོག་ཚོང་དོན་ཁ་ཐོར་གཉེར་སྐྱོང་གི་རྣམ་པ་ནས་དཔེ་སྟོན་གྱི་ནུས་པ་ལྡན་པའི་ཚད་ཤིང་རིམ་པའི་དྲ་ཐོག་ཚོང་དོན་གྱི་སྐྱེ་ཁམས་མ་ལག་ཏུ་གྱུར་ནས། རྒྱལ་ཁབ་ཀྱི་ཁས་ལེན་དང་དེ་བཞིན་སྲིད་ཇུས་གཟིགས་སྐྱོང་གི་སྔོན་ཐོབ་དབང་ཆ་ཐོབ་པ་མཚོན་གྱི་ཡོད། “ཐད་གཏོང+ཟོག་འགྲུལ”གྱི་རྣམ་པ་དེ“ས་གནས་དེ་གའི་ལག་ལེན”ནས“རྒྱལ་ཡོངས་ཀྱི་འདྲ་བཟོ་ཆོག་པའི་མ་དཔེར”གྱུར་ཡོད། སྤུས་རྟགས་ཀྱི་ཟུར་ཚད་ནས་བལྟས་ན། “རྒྱལ་ཁབ་ཀྱི་དཔེ་མཚོན”དེས་བོད་ཀྱི་ཁྱད་ལྡན་ཞིང་ཞོར་ཐོན་རྫས་ལ་དབང་གྲགས་དང་ཡིད་རྟོན་གྱི་ཤོག་བྱང་བསྒར་བས། “སྤུས་ཀ་ལེགས་ཀྱང་གོང་མཐོ་པོ་མེད་པ”དང“ཧ་གོ་མཁན་ཉུང་བའི”དཀའ་གནད་ནུས་ལྡན་ཐག་གཅོད་བྱས་ཏེ་འཁྱགས་རོམ་ཆུ་དང་། ནས། བོད་ཕག་གི་ཤ་སོགས་ཁྱད་ལྡན་ཐོན་རྫས་དག“ས་ཁོངས་ཀྱི་ཁྱད་ལྡན་ཐོན་རྫས”ནས“རྒྱལ་ཡོངས་ཀྱི་གྲགས་ཅན་རིགས”སུ་རིམ་སྤོར་བྱེད་པར་རམ་འདེགས་བྱས་ཡོད། མང་ཚོགས་ཀྱི་འབབ་འཕར་ངོས་ནས་བལྟས་ན། དྲ་ཐོག་ཚོང་དོན་ཐོན་ལས་ནི་ཁ་ཐོར་ལས་ཞུགས་ནས་ལས་གནས་བརྟན་པོ་དང་ལས་གཏོད་གོ་སྐབས་གཉིས་ལྡན་གྱི་ཐོན་ལས་འཁོར་འབྲེལ་གྱི་ལས་སྟེགས་སུ་རིམ་སྤོར་བྱས་ཏེ། རིམ་རྩིས་བརྒྱབ་ན་མི་ཐེངས་200ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་བྱས་པས“ཁྱད་ལྡན་ཞིང་ཞོར་ཐོན་རྫས་ཀྱི་འཕར་ཐང་དང་ཁེ་ལས་ཀྱི་ཁེ་སྤོགས། མང་ཚོགས་ཀྱི་འབབ་འཕར”བཅས་ཀྱི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གདུབ་ཟུམ་ཞིག་ཆགས་ཡོད་པ་རེད།
2 གཉེར་སྐྱོང་བྱེད་སྟངས་གསར་གཏོད་བྱས་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་ཆེ་རུ་བཏང་བ།
ལིའུ་ལེང་གིས་ངོ་སྤྲོད་བྱས་པར་གཞིགས་ན། སྟོད་ལུང་བདེ་ཆེན་ཆུས་ལ་ཐོབ་པའི་གཡུར་ཟའི་གྲུབ་འབྲས་ནི་དེས་གསར་གཏོད་བྱས་པའི“ཐད་གཏོང་དང་ཚོང་ར”མཉམ་འདྲེས་རྣམ་པ་ལས་བྱུང་བ་དང་། སྨི་ངོས་གྲུ་6900ཡི་དྲ་ཚོང་ཐད་གཏོང་རྟེན་གཞི་དང་འགྲེམས་ཁང་ལ་བརྟེན་ནས། ཆེད་གཏོགས་བྱེད་ནུས་ཁུལ་དབྱེ་བ་དང་། མཐའ་འཁོར་ཁེ་ལས་ཀྱིས་མཛོད་ཁང་རང་སྐྲུན་བྱས་ནས“མདུན་ལ་ཚོང་ཁང་དང་རྒྱབ་ལ་མཛོད་ཁང་”ཀྱི་རྣམ་པ་ཆགས་པ། མདུན་གྱི་ཐད་གཏོང་ཁང་དུ་ཕྱིར་འཚོང་དང་དངོས་ཟོག་གི་མ་དཔེ་མཁོ་འདོན་བྱེད་པ་དང་རྒྱབ་ཀྱི་མཛོད་ཁང་ནང་དངོས་ཟོག་མགྱོགས་མྱུར་ཐུམ་བརྒྱབ་ནས་བསྐུར་བས་བརྒྱུད་རིམ་ཧྲིལ་པོའི་གདུབ་ཟུམ་རྣམ་པ་ཞིག་ཆཌ་ཡོད། དྲ་ཕྱིའི་འགྲེམས་ཁང་གིས་དྲ་ཐོག་འཛད་སྤྱོད་ཀྱི་ཡིད་ཆེས་དེ་ཙམ་མེད་པའི་ཞན་ཆ་བསལ་ཏེ། འཛད་སྤྱོད་པས་ས་ཡུལ་དངོས་ནས་ཐོན་རྫས་ཀྱི་སྤུས་ཀར་ལྟ་ཆོག་པས“པར་དང་དངོས་ཟོག་མི་གཅིག་པའི”སེམས་ཁྲལ་བསལ་ཏེ་ཡིད་ཆེས་ཐོབ་ཚད་དང་བསྐྱར་ཉོ་བྱེད་ཚད་མཐོ་རུ་ཕྱིན་ཡོད་པ་རེད།
དྲ་ཚོང་ཐད་གཏོང་རྟེན་གཞིས་གྲངས་གཞི་དབྱེ་ཞིབ་བརྒྱུད་ཐད་གཏོང་ཐབས་ཇུས་རྒྱུན་མཐུད་ལེགས་སུ་བཏང་ནས་འཛད་སྤྱོད་ཁྲོམ་རའི་དགོས་མཁོ་དང་ས་མཐོའི་ཁྱད་ལྡན་ཐོན་རྫས་གནད་སྨིན་སྦྲེལ་མཐུད་ཡོང་བར་བྱས་ཏེ། ས་མཐོའི་ཁྱད་ལྡན་ཐོན་རྫས་ཀྱི་སྤུས་རྟགས་ཀྱི་ཤུགས་རྐྱེན་ཐེབས་ཤུགས་དང་ཁྲོམ་རའི་འགྲན་རྩོད་ནུས་པ་ནུས་ལྡན་ངང་ཆེ་རུ་ཕྱིན་ཡོད་པ་རེད།
3 ཚད་ཤིང་གི་ཕན་འབྲས་ཆེ་རུ་བཏང་བས་ལྟེ་བའི་འགྲན་ནུས་ཆེ་རུ་ཕྱིན་པ།
ཤེས་ལྡན་པ་ནི་དྲ་ཐོག་ཚོང་དོན་འཕེལ་རྒྱས་ཀྱི་འདེགས་སྐྱོར་གཙོ་བོ་ཞིག་རེད། སྟོད་ལུང་བདེ་ཆེན་ཆུས་དྲ་ཚོང་ཐད་གཏོང་རྟེན་གཞིར་མི་5ལས་གྲུབ་པའི་ཆེད་ལས་གཉེར་སྐྱོང་ཚོགས་པ་ཞིག་བཙུགས་པའི་ནང་མི་གསུམ་ནི་ལག་ཁྱེར་ཡོད་པའི་དགེ་རྒན་ཡིན་པ་རེད། རྟེན་གཞིས་མཉམ་སྤྱོད་ཐད་གཏོང་ཁང་དང་དེ་བཞིན་ས་མཐོའི་དྲ་རྒྱའི་ཁོར་ཡུག་དང་འཚམ་པའི་ཐད་གཏོང་སྒྲིག་ཆས་མཁོ་འདོན་བྱེད་པ་དང་། སྤུས་ལེགས་བཟོ་གྲྭའི་ཐོན་ཁུངས་བསྡུ་སྒྲིལ་བྱེད་པ། ལས་གཏོད་མཁན་དང་འབྲེལ་མཐུད་བྱས་ནས་ཕ་ཡུལ་དུ་ལོག་པའི་གཞོན་ནུ་ཚོས་ལས་ཁང་དང་སྒྲིག་ཆས་གྲ་སྒྲིག་བྱེད་མི་དགོས་པར་ཐད་ཀར་ལས་གཏོད་ཀྱི་ལམ་བུ་གཏོད་ན་འགྲིག
“བསྡོམས་རྩིས་བརྒྱབ་པར་གཞིགས་ན། གཉེར་སྐྱོང་བྱས་པ་ནས་བཟུང་རྟེན་གཞིར་ཁྱོན་ཚོང་གཉེར་ཡོང་འབབ་སྒོར་དུང་ཕྱུར་2.19བྱུང་བ་དང་ཐོན་རྫས་གཙོ་བོའི་ནང་ཉེར་མཁོའི་དངོས་ཟོག་དང་། ཚགས་ཤ་དང་ལུག་ཤ ནགས་གསེབ་དཔལ་འབྱོར་ཐོན་རྫས་སོགས་ཚུད་ཡོད་པས་བཟོ་གྲྭ་ནས་ད་གཏོང་དང་ས་གནས་དེ་གའི་མཛོད་ཁང་ནས་བསྐུར་བའི་མཁོ་སྤྲོད་འཁོར་འབྲེལ་མ་ལག་ཆགས་ཏེ། ཐུམ་སྒྲིལ་རྒྱག་མཁན་ཁེ་ལས་སོགས་ལེ་ལག་ཚང་བའི་ཐོན་ལས་སྟོད་ལུང་བདེ་ཆེན་ཆུས་སུ་གཞིས་ཆགས་པར་སྐུལ་ཁྲིད་བྱས་པ་རེད། གཞན་ཡང་སྟོད་ལུང་བདེ་ཆེན་ཆུས་ཀྱིས་བཞུར་ཡལ་གྱི་སྐྱེ་དངོས་འགན་སྲུང་ཁེ་ལས་ནང་འདྲེན་བྱས་ནས་དྲ་ཐོག་ཚོང་དོན་འཕེལ་རྒྱས་དང་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་དབར་དོ་སྙོམས་ཡོང་བ་བྱས་ཡོད་ཅེས་ལིའུ་ལེང་གིས་བཤད།
འབྱུང་འགྱུར་ལ་རྒྱང་ལྟ་བྱེད་སྐབས་སྟོད་ལུང་བདེ་ཆེན་ཆུས་ཀྱིས་འཆར་འགོད་གསལ་པོ་བཟོས་ཤིང་། ལས་ཕྱོད་དང་། སྤུས་ཚད། ཤེས་ལྡན་པ་དཀོན་པ་བཅས་ཀྱི་ཞན་ཆ་བསལ་ཏེ། ད་ཡོད་ཀྱི་གྲུབ་འབྲས་བརྟན་དུ་གཏོང་རྒྱུ་རེད། ཁོངས་སྒྲོལ་དྲ་ཐོག་ཚོང་དོན་དང་སྡེ་ཁུལ་མཉམ་ཉོ་སོགས་ཀྱི་འགྲན་ལམ་གསར་པ་རྒྱ་སྐྱེད་གཏོང་རྒྱུ་དང་དེའི་དམིགས་ཡུལ་ནི་ཨེ་ཤེ་ཡ་ལྷོ་མར་ཁྱབ་པའི་ས་མཐོའི་དྲ་ཐོག་ཚོང་དོན་གྱི་ལྟེ་བ་ཞིག་སྐྲུན་ཆེད་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།