ལག་རྩལ་ལ་བརྟེན་ནས་ལུ་གུའི་སྐྱེ་འཕེལ་ལ་གཡས་གཞོགས་གཡོན་འདེགས་བྱེད་པ།
——དཔྱིད་འགོར་བྱང་ཐང་དུ་སྐྱེ་བསུ་བྱས་པའི་སྐོར་བཀོད་པ།
དཔྱིད་ཟླ་གསུམ་པའི་བྱང་ཐང་གི་ལྟེ་བའི་ཁུལ་དུ། རྩྭ་ཐང་དུ་དཔྱིད་རླུང་དལ་གྱིས་ལྡང་ཞིང་རྩྭ་ཡི་མྱུ་གུའང་འབུས་བཞིན་ཡོད། མིག་སྔ་ནི་འབྲོག་ཁུལ་གྱི་ལུ་གུ་སྐྱེ་བསུའི་དུས་སྐབས་ཡག་ཤོས་ཡིན་པ་དང་། མངའ་རིས་ས་ཁུལ་སྒེར་རྩེ་རྫོང་གི་ས་ཆ་གང་སར་བྲེལ་བའི་རྣམ་པས་ཁེངས་ཤིང་གསོན་ཤུགས་རབ་ཏུ་འཕེལ་ཏེ། ལོ་འཁོར་མོའི་འབྲོག་ལས་ཐོན་སྐྱེད་ཀྱི་འགོ་རྩོམ་བཞིན་ཡོད།
ཞོགས་པའི་ཉི་འོད་སྨུག་པ་སྲབ་མོའི་ཁྲོད་ནས་སྒེར་རྩེ་རྫོང་འོ་མ་ཤང་རྟ་རབ་གྲོང་ཚོའི་རྩྭ་ཐང་དུ་འཕྲོས་ཤིང་། འབྲོག་པ་ཆོས་དར་ཁྱིམ་གྱི་ལུག་ཚང་ནང་། མ་མོ་ཞིག་ལུ་གུ་བཙའ་བཞིན་ཡོད་པ་དང་། སྒེར་རྩེ་རྫོང་ཁུལ་ལྡན་རའི་རྒྱུད་བཟང་ར་བའི་ལག་རྩལ་མི་སྣ་གསལ་སྒྲོན་གྱིས་མ་མོའི་མདུན་དུ་བྱང་ཆ་དོད་པོས་སྐྱེ་མ་ཐག་པའི་ལུ་གུ་ཕྱིས་ཏེ་སྐྱེ་བསུ་བྱེད་རོགས་བྱེད་བཞིན་ཡོད་པ་དང་། “ལུ་གུའི་གཟུགས་པོ་རློན་པ་ཡིན་པས། ལམ་སེང་ཕྱིས་ཏེ་བསྒྲིལ་ནས་མི་འཁྱགས་པ་བྱེད་དགོས”ཞེས་མངགས་བཅོལ་ཡང་ཡང་བྱས།
ཆོས་དར་གྱིས་ལུག་ཚང་ནང་འཕག་མཆོང་རྒྱག་བཞིན་པའི་ལུ་གུ་དེ་དག་ལ་ལྟ་གིན“ད་ལོ་ང་ཚོའི་ཁྱིམ་ལ་མ་མོ་140ལ་ལུ་གུ་སྐྱེ་རྒྱུ་ཡོད། ད་ལྟའི་བར་ལུ་གུ་130ལྷག་ཙམ་སྐྱེས་ཟིན་པ་དང་། གསོན་ཚད་90%ཡན་ཟིན་གྱི་འདུག ལག་རྩལ་མི་སྣས་རིམས་འགོག་སྨན་ཁབ་རྒྱག་རོགས་དང་གཟན་རྩྭ་གསབ་རོགས་བྱས་པས། བློ་ཧ་ཅང་བདེ་པོ་འདུག”ཅེས་དགའ་སྤྲོའི་ངང་བརྗོད།
ལུ་གུ་སྐྱེ་བསུ་དང་གསོ་སྤེལ་གྱི་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱ་ཆེད། སྒེར་རྩེ་རྫོང་གི་ཕྱུགས་རིགས་ལག་རྩལ་པ་སྔོན་ཚུད་ནས་འཐབ་ས་དང་པོར་བསྐྱོད་དེ། དུད་ཁྱིམ་རེ་རེ་བྱས་ནས་མ་མོའི་ཤ་ཤེད་དང་ལུག་ཚང་གི་དྲོད་སྲུང་ཆ་རྐྱེན་ལ་ལྟ་ཞིབ་བྱས་ནས། མ་མོར་ལྟ་སྐྱོང་བྱེད་སྟངས་དང་ཕྱུགས་རིགས་ལ་ཐོན་མང་བའི་ནད་གཞི་འགོག་བཅོས་བྱེད་སྟངས་སོགས་གོ་ཆོད་པའི་ལག་རྩལ་དམར་ཁྲིད་བྱས་ཡོད། ལག་རྩལ་མི་སྣས་ངང་རྒྱུད་རིང་པོའི་སྒོ་ནས་གནད་འགག་ཞིབ་ཆ་རེ་རེ་བཞིན་འགྲེལ་བཤད་དང་མངགས་བྱ་བྱེད་ཀྱི་ཡོད།
དེ་མིན། སྒེར་རྩེ་རྫོང་གིས་གཟན་རྩྭ་དང་ཕྱུགས་སྨན་སོགས་འཕྲལ་སྡོམ་དངོས་ཟོག་དབོར་འདྲེན་བྱེད་པར་སྤྱི་འདོམས་ཧུར་ཐག་བྱས་ཏེ། རྫོང་རིམ་པའི་ལྷན་སྦྱར་མ་དངུལ་སྒོར་ཁྲི་95བཏང་ནས། ཆེད་མངགས་སྦྲུམ་དུས་ཕྱུགས་རིགས་ཀྱི་གཟན་རྩྭ་ཁ་གསབ་དང་འཕྲལ་སྡོམ་གཟན་རྩྭ་གྲབས་གསོག་སོགས་སུ་སྤྱད་པ་དང་། རིམ་རྩིས་བརྒྱབ་ན་ཕྱུགས་སྨན་ཁག་100ལྷག་ཙམ་སྤྲད་ནས། ཕྱོགས་གང་ས་ཅི་ཐད་ནས་ལུ་གུ་སྐྱེ་བསུ་དང་གསོ་སྤེལ་ལས་དོན་སྤེལ་བར་གཡས་གཞོགས་གཡོན་འདེགས་བྱས་པ་རེད།
མིག་སྔའི་བར། རྫོང་ཡོངས་སུ་ཁྱོན་བསྡོམས་ལུ་གུ་76483བཙས་པ་དང་དེའི་ནང་62926གསོན་ནས་གསོན་ཚད་82%ཟིན་པ་དེ་ལོ་གོང་མའི་དུས་མཚུངས་ལས་བརྒྱ་ཆའི་གྲངས་8.25འཕར་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།