འགྲན་བསྡུར་གྱི་རྗེས་སུ་དེད་ནས་ཡུལ་སྐོར་དུ་བསྐྱོད་པ།
——2025ལོར་ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་ཡུལ་སྐོར་འཕེལ་རྒྱས་ཐད་བཀྲག་མདངས་འཚེར་ས་མང་བ།
2026ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། ལྷོ་ཁ་གྲོང་ཁྱེར་གྱིས་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་མུ་མཐུད་སྤེལ་ཏེ། 2025ལོ་ཚུན་གྱི་ལོ་གཅིག་བསྟུད་མའི“འགྲན་བསྡུར་གྱི་རྗེས་སུ་དེད་ནས་ཡུལ་སྐོར་དུ་སྐྱོད”ཅེས་པའི་བྱེད་སྒོ་ལོ་རྙིང་ཕར་ལ་སྐྱེལ་བ་དང་ལོ་གསར་ཚུར་ལ་བསུ་བའི་དུས་སུ་རྒྱུན་ཆད་མེད་པར་སྤེལ་ཤུཌ་ཆེ་རུ་བཏང་བ་རེད།
2025ལོར་ཕྱིར་མིག་ལྟ་སྐབས། ཡར་ཀླུང་གཙང་པོའི་ངོགས་སུ་ཁ་ཁུ་སིམ་པོར་ཆགས་པའི་གྲོང་ཁྱེར་དེས“འགྲན་བསྡུར་གྱི་རྗེས་སུ་དེད་ནས་ནས་ཡུལ་སྐོར་དུ་སྐྱོད”ཅེས་པ་དམ་འཛིན་བྱ་གཞིར་བྱས་ཤིང་། རང་བྱུང་ཁྱད་ཆོས་དང་མི་ཆོས་མཆོག་ནོར་གཉིས་ཟུང་འབྲེལ་དམ་ཟབ་བྱས་ཏེ། “བོད་མིའི་འབྱུང་གནས”ཞེས་པའི་སྤུས་རྟགས་འགྲན་བསྡུར་གྱི་ཁྲོད་དུ་དེ་བས་མངོན་གསལ་དོད་པ་དང་མཉམ་འདྲེས་ཀྱི་ཁྲོད་དུ་དེ་བས་བཀྲག་མདངས་རྒྱས་པར་བྱས་པ་རེད།
ཡར་ཀླུང་ལུང་གཞུང་ནས་སྐུ་ལྷ་མཁའ་རི་བར་དང་། མངོན་མིན་རིག་གནས་ཤུལ་བཞག་བཟོ་ཁང་ནས་རིག་གནས་ཐང་ཆེན་དང་རིག་གནས་ཁང་གི་བར། རྩྭ་ཐང་དང་མཚོ་འགྲམ་ནས་གནའ་བོའི་གྲོང་རྡལ་བར་བཅས་སུ་ལྷོ་ཁས་ས་གནས་དེ་གའི་ཁྱད་ལྡན་ཐོན་ཁུངས་སྔོག་འདོན་གཏིང་ཟབ་བྱས་ཤིང་། འགྲན་བསྡུར་བྱེད་སྒོ་དེ་སྐྱེ་ཁམས་ཡུལ་སྐོར་དང་། གླིང་ཁ་གཏོང་བ། མངོན་མིན་རིག་གནས་ཤུལ་བཞག་ཡུལ་སྐོར། པར་ལེན་ཡུལ་སྐོར། ཕྱི་རོལ་ལུས་རྩལ་ཡུལ་སྐོར་བཅས་དང་སྦྲེལ་མཐུད་གཏིང་ཟབ་བྱས་ནས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཏོད་ཡོད། འབྲེལ་ཡོད་གྲངས་གཞི་ལས་མངོན་པར། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་1071.62ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་44.8ཟིན་པ་དེ་41.1%དང་55.2%སོ་སོར་འཕར་ཡོད། “འགྲན་བསྡུར་ཐེངས་གཅིག་དང་། ཡུལ་སྐོར་ཐེངས་གཅིག ཚེ་གང་དྲན་པ”ཞེས་པའི་རིག་གནས་ཡུལ་སྐོར་གྱི་ནུས་འབྲས་དེ་དཔལ་འབྱོར་གྱི་སྒུལ་ནུས་དངོས་ལ་གྱུར་བར་བྱས་ཏེ། དེའི་ནང་ཞུགས་མཁན་ཚང་མས་ལུས་རྩལ་གྱི་སྤྲོ་སྣང་ཁྲོད་ལྷོ་ཁའི་མཛེས་སྡུག་ཉམས་སུ་མྱོང་རྒྱུ་བྱུང་ཡོད།
འགྲན་བསྡུར་གྱི་གར་སྟེགས་བསྐྲུན། རིག་གནས་ཡུལ་སྐོར་གྱི་འཁྲབ་སྟོན་བྱས།
2025ལོའི་ལོ་འགོར་ལྗོངས་ཡོངས་ཀྱི་སྒོར་གཞས་འགྲེམས་འཁྲབ་ལྷོ་ཁར་བྱས་པར་བོད་ཀྱི་ས་གནས་ཁག་གི་འཐུས་མི་རུ་ཁག་བཅུ་གྲངས་ཞུགས་ཡོད། ཁྲུང་ཆིང་ནས་ཡོང་བའི་ཡུལ་སྐོར་བ་ཞུས་ལགས་སྒེར་འཁོར་བཏང་ནས་ལྷོ་ཁར་ཡུལ་སྐོར་དུ་ཡོང་བའི་སྐབས། སྒོར་གཞས་རྒྱས་འཛོམས་དེ་དང་ཏག་ཏག་འཁེལ།“གཞི་རྒྱ་ཆེན་པོ་དེ་འདྲའི་འཁྲབ་སྟོན་མཐོང་ཐེངས་དང་པོ་ཡིན། དངོས་གནས་ཧང་སངས་དགོས་པ་ཞིག་འདུག ངས་པར་མང་ཙམ་བརྒྱབ་ནས་གྲོགས་ཚོགས་སུ་བསྐུར་གྱི་ཡིན”ཞེས་བཤད། འགྲན་རའི་ཕྱི་ནང་གང་སར་མི་ཚོགས་ཆེ་ཞིང་། ས་གནས་ཁག་གི་ཡུལ་སྐོར་བས་ས་གནས་དེ་གའི་མང་ཚོགས་དང་མཉམ་དུ་ལྟད་མོ་ལྟ་བ་དང་། ཡུལ་སྐོར་བ་མི་ཉུང་བས་རང་འགུལ་ངང་ཞབས་བྲོའི་དཔུང་ཁག་ནང་ཞུགས་ཏེ། ཁྱད་ཆོས་ཆེན་པོ་ལྡན་པའི་སྲོལ་རྒྱུན་རིག་གནས་ཀྱི་ཉམས་འགྱུར་ཉམས་ལེན་བྱས་ཡོད།
ཟླ་5པར་འགྲན་བསྡུར་གྱི་ཚ་རླབས་ཡང་ཡང་འཕྱུར་ཞིང་། ལོ་ཧྲིལ་པོའི་རིག་གནས་ཡུལ་སྐོར་མཉམ་འདྲེས་ཀྱི་མཛད་སྒོ་དངོས་སུ་འགོ་ཚུགས་ཡོད།
ལྷོ་ཁའི་ཚན་རྩལ་རིག་གནས་ལྟེ་གནས་ཐང་ཆེན་དུ་ཚོན་དར་ལྷབ་ལྷུབ་ཏུ་གཡོ་ཞིང་། 2025ལོའི“5·19ཀྲུང་གོའི་ཡུལ་སྐོར་ཉིན་མོའི”རིག་གནས་ཡུལ་སྐོར་འོས་སྦྱོར་དཔོན་གྱི་འགྲན་སློང་འགྲན་བསྡུར་དུས་བཀག་ལྟར་བྱས་པ་དང་ཆབས་ཅིག“སྐལ་བཟང་བུམ་པའི”རིག་གནས་གསར་གཏོད་ཇུས་འགོད་འགྲན་བསྡུར་ཆེན་པོ་སྐབས་གསུམ་པ་འགོ་ཚུགས་ཤིང་། འགྲན་ཞུགས་བརྩམས་ཆོས་མང་པོས་ལྷོ་ཁའི་མངོན་མིན་རིག་གནས་ཤུལ་བཞག་གི་གཞི་རྒྱུ་དང་། རང་བྱུང་ཡུལ་ལྗོངས། གསར་བརྗེའི་རིག་གནས་བཅས་དེང་དུས་ཀྱི་ཇུས་འགོད་དང་མཉམ་འགོད་བྱས་པ་དང་། ལྷོ་ཁའི་རིག་གནས་ཡུལ་སྐོར་གྱི“མཛེས་ཤོས་གསུམ”གྱི་བྱ་དགའ་ཡོད་པའི་བསྡུ་ལེན་བྱེད་སྒོ་སྐབས་གསུམ་པ་སྤེལ་འགོ་ཚུགས་པའི་སྐོར་སྨྱན་སྦྱོར་གསར་པ་ནས་སྟོན་གཏོང་བྱེད་ཚད་ཐེངས་ཁྲི་ཉིས་སྟོང་ཙམ་ཟིན་ཡོད།
རྩལ་ངོམས་འགྲན་བསྡུར་འཁྲུག་པོར་བྱས། མངོན་མིན་རིག་གནས་བཀྲགས་མདངས་འཚེར།
དབྱར་གཞུང་དུས་སུ་ས་མཐོར་གསོན་ཤུགས་རབ་ཏུ་རྒྱས་ཤིང་། འགྲན་བསྡུར་དང་འཁྲབ་སྟོན་བསྟུད་མར་བྱས་པ་མ་ཟད། འདུ་འཛོམས་སྣ་ཚོགས་ཀྱང་གཅིག་རྗེས་གཉིས་མཐུད་དུ་བྱས་ཡོད།
སྣེ་གདོང་ཆུས་ཕོ་བྲང་ཤང་ཞོལ་གྲོང་ཚོར་བསིལ་རླུང་དལ་བུར་ལྡང་ཞིང་། བོད་ཀྱི་མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར་གྱི་སྲོལ་རྒྱུན་རྟ་སྐོར་དང་རྟ་རྒྱུག་བྱེད་སྒོ་སྐབས་དང་པོ་འཁྲུག་ཆ་དོད་པོས་སྤེལ་བ་དེའང་དབྱར་དུས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་བྱེད་སྒོ་གལ་ཆེན་ཞིག་རེད། ལུས་ལ་གཟབ་མཆོར་སྤྲས་པའི་རྟ་པ་དང་མཛེས་རྒྱན་ལེགས་པར་སྤྲས་པའི་རྟ་མཆོག་སྐོར་སྐྱོད་དཔུང་ཁག་ཁྲོམ་གཞུང་ནས་དལ་གྱིས་བསྐྱོད་པར། ཡུལ་སྐོར་བ་མང་པོས་གྲོང་མི་ཚོ་དང་མཉམ་དུ་ལྟ་བ་དང་། པར་ལེན། དགའ་འབོད་བཅས་ཡང་ཡང་བྱས་ཡོད།
རྟ་རྒྱུག་བྱེད་སྒོའི་ནང་དོན་གྲས་སུ་མངོན་མིན་རིག་གནས་ཤུལ་བཞག་གི་རྟ་ཆས་འགྲེམས་སྟོན་དང་། སྨི་200ཟིན་པའི་རྟ་རྩལ་འགྲན་བསྡུར། སྤྲོ་སྣང་ལྡན་པའི་འགྲན་སློང་འགྲན་བསྡུར་སོགས་ཚུད་ཡོད། རྟ་པ་ཚོས་སྲབ་མདའ་དམ་པོར་འཇུས་ནས་རྟ་རྩལ་ངོམས་པར་ལྟད་མོ་བས་ཐལ་མོའི་རྡེབ་སྒྲ་ཡང་ནས་ཡང་དུ་བསྒྲགས། མངོན་མིན་རིག་གནས་ཤུལ་བཞག་གི་གཟའ་འཁོར་རིང་། བཟོ་ཁང་དང་ཁེ་ལས་མང་པོ་འགྲེམས་སྟོན་ནང་ཞུགས་སྐབས་སྤོས་དང་། ཐང་ག ཟངས་ཆས་བཅས་ལ་ཡུལ་སྐོར་བས་ཧ་ཅང་དགའ་པོ་བྱེད་པ་དང་། དྲ་ཐོག་ནས་ཐད་གཏོང་བྱས་པར་ལྟ་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ། ཉིན་4ཡི་རིང་ཕྱིར་ཚོང་ཡོང་འབབ་སྒོར་ཁྲི་70ལྷག་ཙམ་ཟིན་ཡོད། དེ་བས་གླེང་རིན་ཆེ་བ་ཞིག་ནི་བྱེད་སྒོ་སྤེལ་རིང་ད་དུང་ཞག་སྡོད་དང་བཟའ་བཏུང་འཛད་སྤྱོད་འཛིན་ཤོག་འགྲེམས་སྤེལ་བྱས་པ་དང་། མཛེས་ལྗོངས་ཁུལ་གྱི་སྤ་སེའི་རིན་གོང་ཕྱེད་ཀ་བཅག་པ། ལྷ་ས་ནས་ལྷོ་ཁ་བར་གྱི“མངོན་མིན་རིག་གནས་ཤུལ་བཞག་གཟའ་འཁོར”གྱི་རིན་མེད་ཐད་གཏོང་རླངས་འཁོར་བཏང་བ། ཡུལ་སྐོར་བའི་གྲངས་འབོར་41.81%འཕར་བར་སྐུལ་ཁྲིད་ཐུབ་པ། མགྲོན་ཁང་དུ་ཞག་སྡོད་བྱེད་ཚད་31.6%འཕར་ནས་རིག་གནས་ཡུལ་སྐོར་གྱིས་གར་སྟེགས་བསྐྲུན་པ་དང་དཔལ་འབྱོར་འཕར་བའི་དམིགས་ཡུལ་མངོན་འགྱུར་བྱུང་ཡོད།
དུས་མཚུངས་སུ“ཀྲུང་གོའི་བོད་ལྗོངས། བཀྲ་ཤིས་བདེ་ལེགས། —2025ལོའི་རྒྱལ་སྤྱིའི་ཡུལ་སྐོར་ཚོང་པ་བོད་དུ་སྐྱོད་པའི(ལྷོ་ཁའི་ས་ཚིགས)”ཀྱི་བྱེད་སྒོ་སྤེལ་ནས་དབྱིན་ཇི་དང་། ཧྥ་རན་སེ། འཇར་མན། དབྱི་ཐ་ལི་སོགས་རྒྱལ་ཁབ་17དང་དེ་བཞིན་ཤང་ཀང་དང་ཨའོ་མོན་དམིགས་བསལ་སྲིད་འཛིན་ཁུལ་གྱི་ཡུལ་སྐོར་ཚོང་པའི་འཐུས་མི་100ལྷག་ཙམ་གདན་དྲངས་པ་དག་གིས་བོད་ཀྱི་ས་ཆ་དེ་གའི་ཡུལ་སྐོར་ཚོང་པ་50ལྷག་ཙམ་དང་མཉམ་དུ་སྣེ་གདོང་དང་། འཕྱོངས་རྒྱས། གྲ་ནང་། གོང་དཀར། སྣ་དཀར་རྩེ་སོགས་ཀྱི་མཛེས་ལྗོངས་ཁུལ་དུ་རྟོག་ཞིབ་བྱེད་པར་བསྐྱོད་ཡོད། ཁོང་ཚོ་ཡུམ་བུ་བརླ་མཁར་དང་བཙན་པོའི་བང་སོར་བསྐྱོད་དེ་ལོ་ངོ་སྟོང་གི་ལོ་རྒྱུས་ལྡན་པའི་བོད་ཀྱི་རིག་གནས་ལ་རྒྱུས་ལོན་བྱས་པ་དང་། ཡར་འབྲོག་གཡུ་མཚོའི་མཚོ་ངོགས་སུ་བསྐྱོད་ནས་ས་མཐོའི་མཚོ་མོའི་མཛེས་པ་ཉམས་སུ་མྱོང་བ། ལྕེ་བདེ་ཞོལ་གནའ་གྲོང་དུ་འཚམས་འདྲིར་བསྐྱོད་ནས་པང་གདན་ཐག་པའི་རྩེར་སོན་ལག་རྩལ་ལ་ལྟ་སྐྱོར་བྱས་ཡོད།
ཟླ་8ཚེས་2ཉིན། མཚོ་སྨད་རྫོང་གྲི་གུ་རྩྭ་ཐང་དུ“གྲི་གུའི་འབྲོག་གླུ། ཁྱེད་ལ་ལེན”ཞེས་པའི་2025ལོའི་ལྷོ་ཁའི་གྲི་གུ་རྩྭ་ཐང་གི་རོལ་དབྱངས་མཚན་ཚོགས་འཚོགས་ཤིང་། སྐུ་མགྲོན་དང་། ཡུལ་སྐོར་ཐད་གཏོང་པ། ཡུལ་སྐོར་ལས་དོན་ཁང་གི་འཐུས་མི་བཅས་མི་200ལྷག་ཙམ་དེར་འཛོམས་ནས་འོས་སྦྱོར་གྲོགས་སྒྲིག་བྱས་ཡོད། “སྲིད་གཞུང་གིས་ལས་སྟེགས་བརྒྱུད། ང་ཚོས་ཐོན་རྫས་བཙོངས་པར་ཉོ་མཁན་མང་པོ་བྱུང་སོང”ཞེས་པའི་འབྲོག་པ་ཕུན་ཚོགས་རྡོ་རྗེའི་སྐད་ཆ་དེ་ལས་ཡུལ་དེའི་མང་ཚོགས་ཀྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་ཁྲོད་ཀྱི་ཐོབ་སྣང་མཚོན་གྱི་ཡོད།
རྩལ་ནུས་བཏོན་ནས་འགྲན་བསྡུར་བྱས། རིག་གནས་རྗེས་ཤུལ་གསལ་ལེར་མངོན།
ལྷོ་ཁའི་འགྲན་བསྡུར་ཁག་ནི་སྔར་བཞིན་དྲོ་སྐྱིད་ལྡན་པ་ཞིག་ཡོད་ཅིང་། སྲོལ་རྒྱུན་གྱི་མི་རིགས་ལུས་རྩལ་འགྲན་ཚོགས་འཚོགས་པ་ལས་རིག་གནས་དང་། ཡུལ་སྐོར། ལུས་རྩལ་བཅས་མཉམ་འདྲེས་ཐུབ་ནས་དགུན་དུས་དེ་བས་དྲོ་སྐྱིད་ལྡན་པར་གྱུར།
2025ལོའི་ཟླ་11ཚེས་20ཉིན། “མཛེས་མཐུན་གྲོང་གསེབ། ཡར་ཀླུང་དར་རྒྱས”ཞེས་པ་བརྗོད་དོན་གཙོ་བོར་བྱས་པའི་ལྷོ་ཁ་གྲོང་ཁྱེར་གྱི་ཞིང་འབྲོག་པའི་ལུས་རྩལ་འགྲན་ཚོགས་སྐབས་དང་པོ་འགོ་ཚུགས་པར་གྲོང་ཁྱེར་ཡོངས་ཀྱི་ཞིང་འབྲོག་ལུས་རྩལ་པ་400ལྷག་ཙམ་ཞུགས་ཡོད། ལུས་རྩལ་འགྲན་ཚོགས་ཐོག་རྩལ་འགྲན་རང་བཞིན་དང་སྤྲོ་སྣང་རང་བཞིན་གྱི་རྣམ་གྲངས་བཀོད་སྒྲིག་བྱས་པའི་ནང་སྨི་100ཡི་ཐུང་རྒྱུག་དང་ཐག་འཐེན་སོགས་མང་ཚོགས་ཀྱིས་དགའ་པོ་བྱེད་པའི་རྩལ་འགྲན་རྣམ་གྲངས་ཡོད་པ་མ་ཟད། མདའ་དང་། ཀེ་རེམ། ཤོ་རྩེད། རྡོ་སྐོར་སོགས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སྲོལ་རྒྱུན་རྣམ་གྲངས་ཀྱང་ཡོད་པ་རེད།
2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་འགྲན་བསྡུར་ལ་བརྟེན་ནས་བྱེད་སྒོ་སྣ་ཚོགས་སྤེལ་བར་གྲུབ་འབྲས་ཆེན་པོ་ཐོབ་ཡོད།
ལྷོ་ཁ་གྲོང་ཁྱེར་གྱི་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ལ་གཞིགས་ན། “ལོ་ལྔ་ཚན་བཅུ་བཞི་པའི”རིང་། ལྷོ་ཁ་གྲོང་ཁྱེར་གྱི་རིག་གནས་དང་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་ཞིང་། རིམ་རྩིས་བརྒྱབ་ན་རྒྱལ་ཁབ་ཕྱི་ནང་གི་ཡུལ་སྐོར་བ་མི་ཐེངས་ཁྲི་3287ལ་སྣེ་ལེན་ཞུས་པ་དང་ཡུལ་སྐོར་གྱི་སྤྱིའི་འགྲོ་གྲོན་སྒོར་དུང་ཕྱུར་133ཟིན་པ་དེ“ལོ་ལྔ་ཚན་བཅུ་གསུམ་པའི”རིང་གི་ལྡབ་1.6ཡིན་པ་རེད། 2025ལོར་གྲོང་ཁྱེར་དེ་ཡོངས་ཀྱིས་ཡུལ་སྐོར་ལམ་ཐིག་རྩེ་གྲ་བཞི་གཙོ་གནད་དུ་བཟུང་ནས་བཏོད་པ་དང་། ཡུལ་སྐོར་ལག་དེབ་བཟོས་ནས་ཡུལ་སྐོར་བར་ཕྱོགས་ཡོངས་ནས་ཁྲིད་སྟོན་བྱས་པ་མ་ཟད། ད་དུང་དམངས་གཞས་དང་རིག་གནས་དུས་ཆེན་དང་། དབྱར་རྩྭ་དགུན་འབུ་དང་ལུས་གསོའི་རིག་གནས་ཡུལ་སྐོར་དུས་ཆེན་སོགས་ཀྱི་བྱེད་སྒོ་གསར་གཏོད་བྱས་ནས་སྤེལ་བས། ལྷོ་ཁར་དོ་ཁུར་བྱེད་ཚད་ཆེ་རུ་ཕྱིན་ཡོད་ལ་ལྷོ་ཁའི་ཤུགས་རྐྱེན་ཡང་ཆེ་རུ་ཕྱིན་ཡོད། ལོ་འདིར་ཁྲི་སྟོང་རིམ་པའི་སྟོན་གཏོང་བྱེད་ཚད་དང་ཁྲི་བཅུ་རིམ་པའི་ཐད་གཏོང་མི་ཐེངས་ལས་བོད་མིའི་འབྱུང་ཁུངས་སྟེ་ལྷོ་ཁའི་རིག་གནས་རྒྱལ་ཡོངས་སུ་ཁྱབ་སྤེལ་བྱུང་ཡོད།
འབྲེལ་ཡོད་གསར་འགྱུར།