དབུ་ཤོག>གསར་འགྱུར།>དམངས་འཚོ།
  • འབྲོག་པས་རྩྭ་ར་འགན་གཙང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་བཏང་ནས་འབྲོག་ལས་སྒྱུར་བཅོས་གཏིང་ཟབ་ཏུ་བཏང་བ།

    ——ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གི་རྩྭ་ར་འགན་གཙང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་ཚོད་ལྟའི་ལས་དོན་ལ་ལྟ་ཞིབ་བྱས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-25

    སྐྱེ་ཁམས་སྲུང་སྐྱོང་དང་འབྲོག་ལས་འཕེལ་རྒྱས་ཀྱི་འགལ་ཟླ་སེལ་ཆེད། 2025ལོར། ནག་ཆུ་གྲོང་ཁྱེར་ཨ་མདོ་རྫོང་གིས་2024ལོར་ཚོད་ལྟའི་དཔེ་སྟོན་བྱས་པའི་རྨང་གཞིའི་ཐོག་སྒྱུར་བཅོས་སྔར་བས་ཟབ་ཏུ་བཏང་སྟེ། རྩྭ་ར་འགན་གཙང་གི་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་བའི་ལས་དོན་གྱི་ཐབས་ལམ་བློ་ཁོག་ཆེན་པོས་འཚོལ་ཞིབ་བྱས་ནས་རྩྭ་རའི་ཐོན་ཁུངས་ཀྱི་བཀོད་པ་ལེགས་སུ་གཏོང་བ་དང་། འབྲོག་ལས་སྤུས་འབྲས་ལེགས་གཉེར་ཡོང་བ། འབྲོག་པར་འབབ་འཕར་བརྟན་པོ་ཡོང་བ་བཅས་ཕན་པ་མང་བའི་དམིགས་ཚད་མངོན་འགྱུར་ཧུར་ཐག་ཐུབ་པ་བྱས་ཡོད།

    འཕོ་འགྱུར་དེ་ནི་ཨ་མདོ་རྫོང་གི་འབྲོག་པས་2025ལོའི་དཔྱིད་ཀར་བསྐྱལ་བའི《རྩྭ་ར་འགན་གཙང་གཉེར་སྐྱོང་དབང་ཆ་བརྒྱུད་བཤུག་གཏོང་བའི་ཚོད་ལྟའི་ལས་དོན་གྱི་རེ་འདུན་ཞུ་ཡིག》ཁྲི་1.2ལས་བྱུང་བ་རེད། རེ་འདུན་ཞུ་ཡིག་སྟེང་གི“མཛུབ་ཐེལ་དམར་པོ”རེ་རེ་ནི་ཤོག་ལྷེ་རེ་རེའི་ཐོག་ཏུ་སྐལ་བཟང་མེ་ཏོག་ཁྲ་ཆིལ་ལེར་བཞད་པ་དང་འདྲ་བར་འབྲོག་དུད་ཁྲི་1.2ཀྱི་གདམ་ག་དང་རེ་སྒུག་མཚོན་གྱི་ཡོད་ལ།འགོ་ཚུགས་ནས་སྐྱེ་ཁམས་སྲུང་སྐྱོང་དང་། ཐོན་སྐྱེད་འཕེལ་རྒྱས། འཚོ་བ་ལེགས་གཏོང་བཅས་ཀྱི་འཕོ་འགྱུར་ཟབ་མོ་ཞིག་གི་འགོ་ཚུགས།

    དཀའ་གནད། རྩྭ་ར“བྱང་འབེལ་ལྷོ་དཀོན”དང་འབྲོག་པའི་འབབ་འཕར་གྱི་འཇུར་མིག

    ཨ་མདོ་རྫོང་གི་མི་འབོར་གྱི་98%ཡན་འབྲོག་པ་ཡིན་པས་འབྲོག་ལས་རྐྱང་པའི་རྫོང་ཞིག་ཡིན། རྫོང་དེའི་རྩྭ་ར་མུའུ་དུང་ཕྱུར་1.27གྱི་ཁྲོད་བེད་སྤྱོད་ཆོག་པའི་རྩྭ་ར་མུའུ་ཁྲི་8290.43ཟིན་ཡང་སེམས་ཕངས་དགོས་པ་ཞིག་ལ་དུས་ཡུན་རིང་པོ་དོ་སྙོམས་ཤོར་བའི་གནད་དོན་འཕྲད་ཡོད།

    ཨ་མདོ་རྫོང་ཞིང་ལས་གྲོང་གསེབ་དང་ཚན་རྩལ་ཆུ་བེད་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་དང་ཅུས་ཀྲང་མིག་དམར་ཚེ་རིང་གིས་དྲན་གསོ་བྱེད་བཞིན་དུ་2024ལོའི་སྔོན་ལ་སྣང་ཚུལ་འདི་འདྲ་ཞིག་མཐོང་ཐུབ་པ་སྟེ། ཨ་མདོ་རྫོང་གི་བྱང་རྒྱུད་ཤང་དང་གྲོང་རྡལ་དུ་ཕྱུགས་ལམ་དེད་ནས་བལྟས་ན་ཡངས་པའི་རྩྭ་ཐང་མཐོང་རྒྱུ་ཡོད་ཅིང་། ཡུག་ལ་སྦྲེལ་བའི་རྩྭ་རྣམས་རླུང་བུའི་ཁྲོད་དུ་དལ་གྱིས་གཡོ་ནའང་ནོར་ལུག་དེ་ཙམ་མཐོང་རྒྱུ་མེད། གྲངས་གཞི་ལས་མངོན་པར། དེ་གར་རྫོང་ཡོངས་ཀྱི་རྩྭ་ར་68.8%(ཧ་ལམ་མུའུ་ཁྲི་5704དང་མཚུངས)ཡོད་ཀྱང་ཕྱུགས་རིགས་44.3%ལས་མེད་པས་རྩྭ་ར་མུའུ་ཁྲི་3850ལྷག་དུས་ཡུན་རིང་པོ“བེད་མེད”ལྟ་བུར་ལུས་ཡོད་ཅེས་བཤད།

    ཁ་ཕྱོགས་བསྒྱུར་ཏེ་ལྷོ་རུ་བསྐྱོད་ན་རྦད་དེ་རྣམ་པ་གཞན་ཞིག་རེད། རྩྭ་རར་ནོར་ལུག་མང་བས་ས་ཆ་ཁག་གཅིག་སྐྱ་ཐེར་ཐེར་དུ་གྱུར་ཡོད། དེ་གར་རྫོང་ཡོངས་ཀྱི་ལྷོ་རྒྱུད་རྩྭ་ར་31.2%(ཧ་ལམ་མུའུ་ཁྲི་2586དང་མཚུངས)ལས་མེད་ཀྱང་རྫོང་ཡོངས་ཀྱི་ཕྱུགས་རིགས་60%ཙམ་འཚོ་གི་ཡོད། ས་ཆ་ཁག་གཅིག་ལ་ནོར་ལུག་འཚོས་དྲགས་ནས་སྐྱེ་ཁམས་ཉམས་ཏེ་རྩྭ་ར་ཞན་འགྱུར་དང་། བྱེ་འགྱུར་གྱི་ཉེན་ཁ་ཛ་དྲག་ཏུ་སོང་བ་དང་ཆུ་རྩ་གསོ་འཁྱོངས་ཀྱི་ནུས་པ་ཇེ་ཞན་དུ་སོང་ཡོད་པ་རེད།

    “བྱང་རྒྱུད་ཀྱི་དམར་ཆུ་ཤང་དུ་འབྲོག་དུད་གཅིག་གིས་རྩྭ་ར་མུའུ་ཁྲི་51.62འགན་གཙང་བླངས་ཡོད་ཀྱང་ལྷོ་རྒྱུད་ཀྱི་དར་མདུད་ཤང་ཡོངས་ལ་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི་49ལས་མེད་པས་བྱང་རྒྱུད་ཀྱི་དུད་ཚང་གཅིག་ལྷོ་རྒྱུད་ཀྱི་ཤང་གཅིག་དང་འདྲ་པོ་ཡོད”ཅེས་མིག་དམར་ཚེ་རིང་གིས་དཔེ་དྲངས་ནས་བཤད།

    རྫོང་ཡོངས་ཀྱི་རྩྭ་རའི་ཐོན་ཁུངས་ཐད“བྱང་འབེལ་ལྷོ་དཀོན”གྱི་དོ་སྙོམས་མེད་པའི་སྣང་ཚུལ་ཐོན་པ་དང་མཉམ་དུ་འབྲོག་པའི་འབབ་འཕར་ལའང་དཀའ་ངལ་འཕྲད་ཡོད།

    “མི་ཕྱུགས་རྩྭ་གསུམ”དབར་དོ་སྙོམས་མེད་པའི་དཀའ་གནད་བསལ་ནས་སྐྱེ་ཁམས་སྲུང་བཅད་བརྟན་དུ་གཏོང་བ་མ་ཟད། འབྲོག་པར་འབབ་འཕར་བརྟན་པོ་དང་འབྲོག་ལས་སྤུས་ཚད་མཐོ་པོས་འཕེལ་རྒྱས་འགྲོ་ཐུབ་པའི་ལམ་བུ་གསར་པ་ཞིག་འཚོལ་རྒྱུ་ནི་ཨ་མདོ་རྫོང་གི་སྒྲུབ་དགོས་ངེས་ཀྱི་ལས་དོན་དུ་གྱུར་ཡོད།

    དཀའ་སེལ། ཡོད་ཚད་དམངས་ཀྱི་ཆེད་དུ་དང་ཡོད་ཚད་དམངས་ལ་བརྟེན་པ།

    ཨ་མདོ་རྫོང་ཨུད་དང་རྫོང་སྲིད་གཞུང་གིས་རྩྭ་ཐང་ནི་ཐོན་ཁུངས་ཆེ་ཤོས་ཡིན་མོད། འོན་ཀྱང་ད་ཡོད་ཀྱི་ཐོན་ཁུངས་ཁྱབ་ཚུལ་དེ་ཉིད་འཕེལ་རྒྱས་ཀྱི་བཀག་རྒྱར་གྱུར་ཡོད་པས། སྐྱེ་ཁམས་དམར་ཐིག་བརྟན་སྲུང་བྱེད་པའི་སྔོན་འགྲོའི་ཆ་རྐྱེན་འོག རྩྭ་ར་འགན་གཙང་གཉེར་སྐྱོང་གི་དབང་ཆ“འཁོར་རྒྱུག”ཐུབ་ཚེ་གཞི་ནས་འཕེལ་མེད་སོར་གནས་ཀྱི་རྣམ་པར་འགྱུར་ལྡོག་གཏོང་ཐུབ་པ་གསལ་པོ་ཤེས།

    སྒྱུར་བཅོས་ཟབ་ཏུ་གཏོང་བར་གཞི་རིམ་གྱི་སྙིང་གཏམ་ཉན་པའམ་གདམ་གར་ལྟ་དགོས།

    “བརྒྱུད་བཤུག་བཏང་བའི་རྩྭ་ར་དེ་སྔར་བཞིན་ངའི་རེད་དམ། བོགས་དངུལ་ཇི་ལྟར་བརྩིའམ། གྱོང་རག་སྲིད་དམ” “ཕྱིས་སུ་འཚོ་རྟེན་གང་ལ་བྱེད་དམ”སྲིད་ཇུས་སྒྲོག་འགྲེལ་བྱས་མ་ཐག་པའི་དུས་སུ་འབྲོག་པར་དོགས་འཆར་དང་སེམས་ཁྲལ་ཆེན་པོ་བྱུང་ཡོད། རྩྭ་ར་ནི་འབྲོག་པའི་རྟེན་ས་ཡིན་པས་འགྱུར་ལྡོག་གང་འདྲ་ཞིག་བྱུང་རུང་ཚོར་བ་སྐྱེན་པོ་ཡོད།

    ཨ་མདོ་རྫོང་སྲིད་གྲོས་ཀྱི་ཀྲུའུ་ཞི་གཞོན་པ་བསྟན་པ་དར་རྒྱས་ཀྱིས“བརྒྱུད་བཤུག་གཏོང་སྐབས་ངེས་པར་དུ་འབྲོག་པའི་འདོད་བློར་བརྩི་འཇོག་གང་ལེགས་བྱས་ཏེ་དུད་ཚང་དུ་འདྲི་རྟོག་ལ་བསྐྱོད་པ་དང་མང་ཚོགས་ཚོགས་ཆེན་ཐོག་བསམ་འཆར་རྒྱ་ཁྱབ་བསྡུ་ལེན་དང་ཐུན་མོང་གི་ངོས་འཛིན་ཆགས་པར་བྱེད་དགོས”ཞེས་དང་། རྫོང་འགོ་ཁྲིད་ཀྱིས་རུ་སྣེ་ཁྲིད་དེ་ཤང་གྲོང་10ཡི་འབྲོག་པར་བརྟག་ཞིབ་བྱས་པ་དང་། རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལས་བྱེད་པ་ལས་གྲུབ་པའི་སྒྲོག་འགྲེལ་དཔུང་ཁག་གིས་རྫོང་ཡོངས་ཀྱི་ཤང་དང་གྲོང་རྡལ་13གྱི་མཚེར་སར་སྲིད་ཇུས་སྒྲོག་འགྲེལ་ཐེངས་200ལྷག་ཙམ་བྱས་པ་དང་བོད་རྒྱ་ཤན་སྦྱར་གྱི“སྲིད་ཇུས་གསལ་རྟོགས་གཱ”ཁྲི་1.3སྤྲད་པ། རྫོང་དང་ཤང་རིམ་གཉིས་ཞབས་ཞུའི་ས་ཚིགས་བཙུགས་ནས་མི་ཐེངས་3000ལྷག་ཙམ་ལ་ངོ་ཐུག་གདོང་འཕྲད་ཀྱི་བློ་འདྲིའི་ཞབས་འདེགས་ཞུས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།

    གྲངས་གཞི་ལས་མངོན་པར། ཧང་སངས་དགོས་པ་ཞིག་ལ་འབྲོག་པས་བརྒྱུད་བཤུག་སྲིད་ཇུས་ཤེས་ཚད་དང་རྒྱབ་སྐྱོར་བྱེད་ཚད་གཉིས་ཀ་100%ཟིན་ཡོད། “དུད་ཚང་ཚང་མ་ཞུགས་པ་དང་གྲོང་ཚོ་ཚང་མས་སྔོན་ཐོན་བརྩོན་ལེན་བྱེད་པའི”རྣམ་པ་བཟང་པོ་ཞིག་གྲུབ་བཞིན་ཡོད།

    དེ་རྗེས《རྩྭ་ར་འགན་གཙང་གཉེར་སྐྱོང་གི་དབང་ཆ་བརྒྱུད་བཤུག་གི་ཚོད་ལྟའི་ལས་དོན་གྱི་རེ་འདུན་ཞུ་ཡིག》རེ་རེ་བཞིན་གཟབ་ནན་ངང་འབྲི་འགོ་ཚུགས་ཤིང་། རེ་འདུན་ཞུ་ཡིག་གི་མཇུག་ཏུ་འབྲོག་པ་ཚོས་རང་ཉིད་ཀྱི་མཛུབ་ཐེལ་མནན་པ་རེད།

    མཛུབ་ཐེལ་དེ་དག་ལས་འབྲོག་པ་རྒན་རབས་ཚོས་འབྱུང་འགྱུར་འཚོ་བར་རེ་སྒུག་བྱེད་པ་དང་། ན་གཞོན་འབྲོག་པ་ཚོས་གཞི་ཁྱོན་ཅན་གྱི་གསོ་ཚགས་ཚོད་ལྟ་བྱེད་པའི་བློ་སྟོབས་མཚོན་པ་མ་ཟད། ངལ་རྩོལ་ནུས་ཤུགས་མི་འདང་བའི་ཁྱིམ་ཚང་གིས་འཚོ་རྟེན་འགན་སྲུང་ལ་རེ་བ་བཅོལ་བའང་མཚོན་གྱི་ཡོད།

    མཛུབ་ཐེལ་དེ་དག་ནི་སྟབས་བདེའི་མོས་མཐུན་བྱས་པ་ཙམ་མ་ཡིན་པར། འབྲོག་པས་གནས་ཚུལ་གང་ལེགས་ཤེས་པ་དང་རང་མོས་རང་བདག་གི་སྔོན་འགྲོའི་ཆ་རྐྱེན་འོག་སྲོལ་རྒྱུན་གྱི་བྱེད་སྟངས་དང་སྒམ་ནན་ཆེ་ཤོས་ཀྱི་བྱེད་ཐབས་ཐོག་ནས་སྒྱུར་བཅོས་ལ་ཡིད་ཆེས་བྱས་པའི་བྱ་སྤྱོད་ཅིག་དེ་བས་ཀྱང་རེད།

    འགྱུར་ལྡོག “སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་གསུམ་ཕན”གྱི་རྣམ་པ་དང་དཔྱད་གཞིར་འཛིན་ཆོག་པའི“ཨ་མདོའི་ཉམས་མྱོང”

    ལས་དོན་སྤེལ་འགོ་ཚུགས་རྗེས་སྒྱུར་བཅོས་ཀྱི་སྣེ་ཁྲིད་ལས་འཕེལ་རྒྱས་ཀྱི་སྒུལ་ཤུགས་ཆེན་པོ་སྦྱིན་ཏེ་མི་རྣམས་ལ་ངར་སེམས་འཕེལ་བའི་ཕྱོགས་བསྡུས་ཕན་འབྲས་ཐོན་ཡོད། འབྲོག་དུད་ཁྲི་1.2ཀྱིས“མཛུབ་ཐེལ”བརྒྱབ་པ་ལས་མཚོན་པའི་རེ་སྒུག་ལ་སྐྱེ་ཁམས་དང་། ཐོན་སྐྱེད། འཚོ་བ་བཅས་གསུམ་ཕན་གྱི་གཡུར་དུ་ཟ་བའི་འབྲས་བཟང་བཏགས་ཡོད།

    སྐྱེ་ཁམས་ཀྱི་ཕན་འབྲས་ཐོག་མར་མངོན་ཞིང་། 2025ལོར་རྩྭ་ར་མུའུ་ཁྲི་2147.72ཀྱི་འགན་གཙང་གཉེར་སྐྱོང་གི་དབང་ཆ་གོ་རིམ་ལྡན་པའི་ངང་བརྒྱུད་བཤུག་བྱས་ནས་བྱང་རྒྱུད་ཀྱི་ཡུན་རིང་བེད་མེད་དུ་ལུས་པའི་སྤུས་ལེགས་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱུང་བ་དང་ལྷོ་རྒྱུད་ཀྱི་རྩྭ་ར་ཉམས་པ་སླར་གསོ་བྱུང་ཡོད། ཐོན་ཁུངས་སྔར་བས་ལེགས་སུ་ཕྱིན་ནས་རྫོང་ཡོངས་ལ་སྔར་བས་འཐུས་སྒོ་ཚང་བའི་རྩྭ་ཕྱུགས་དོ་སྙོམས་བྱུང་ཡོད།

    དེ་བས་མི་རྣམས་ལ་དགའ་བ་སྐྱེ་དགོས་པའི་འགྱུར་ལྡོག་ནི་འབྲོག་ལས་ཐོན་སྐྱེད་ལེགས་སུ་ཕྱིན་པ་དེ་རེད། 2024ལོར་རྫོང་ཡོངས་ཀྱི་ལག་ཡོད་ཕྱུགས་རིགས་མགོ་གྲངས་དེ་ཉེ་བའི་ལོ་20ཡི་རིང་གི་ཐེངས་དང་པོ་འཕར་སྣོན་བྱུང་ཡོད། 2025ལོར་འབྲོག་ལས་ཀྱི་གོང་འབུལ་རེའུ་མིག་གི་གྲངས་གཞི་དེ་བས་མངོན་གསལ་དོད་པ་སྟེ། 2024ལོའི་དུས་མཚུངས་དང་བསྡུར་ན་ན་ལོན་ཕྱུགས་རིགས་འཆི་ཚད་1.3%ནང་ཚུན་དུ་ཚོད་འཛིན་ཐུབ་སྟེ་བརྒྱ་ཆའི་གྲངས་1ཆག་པ་དང་། ཕྱུགས་ཕྲུག་གསོན་ཚད་97.3%ཟིན་ཏེ་བརྒྱ་ཆའི་གྲངས་2འཕར་ཡོད། བརྒྱུད་བཤུག་བྱས་པ་ལས་ཕྱུགས་རིགས་ས་ཁོངས་བརྒལ་ནས་འཚོ་ཐུབ་ནས་ཁྱུ་ཚོའི་གྲུབ་ཆ་ནུས་ལྡན་ངང་ལེགས་སུ་ཕྱིན་ཏེ་རྫོང་ཡོངས་ཀྱི་ཕྱུགས་རིགས་རྒྱུད་བཟང་བརྒྱ་ཆའི་གྲངས་2.6འཕར་བ་དང་འབྲོག་ལས་འཕེལ་རྒྱས་ཀྱི་གཞི་རྩ་སྔར་བས་བརྟན་དུ་ཕྱིན་ཡོད།

    ཐོབ་སྣང་ཆེ་ཤོས་ནི་འབྲོག་པའི་འཛུམ་མདངས་ནས་མངོན་པ་དང་འབྲོག་པའི་དངུལ་ཁུག་ལྗིད་ཏིག་ཏིག་ཏུ་གྱུར་བ་དེ་རེད། 2025ལོར་རྫོང་ཡོངས་ཀྱི་འབྲོག་ལས་ཐོན་སྐྱེད་ཕྱོགས་ཡོངས་ནས་མཐོར་འདེགས་བྱུང་བ་སྟེ། ལག་ཡོད་ཕྱུགས་རིགས་མགོ་གྲངས་དུས་མཚུངས་ལས་6.2%འཕར་བ་དང་། བཤས་གཏོང་ཚད་4.28%འཕར་བ། འབྲོག་ལས་ཀྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་2.35འཕར་བ་བཅས་རེད།

    འབྲོག་པར་ཐད་ཀར་ཕན་པ་ཐོབ་པའི་ཡོང་འབབ་ཁག་གཉིས་བྱུང་བ་སྟེ། ཁག་དང་པོ་ནི“གཱ་གཅིག་ཀུན་འཐུས”ལ་བསྒྱུར་བའི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་དངུལ་ཡིན་པ་དང་དེའི་དངུལ་འབོར་བསྡོམས་སྒོར་དུང་ཕྱུར་2.78ཟིན་པ་དེ་དུས་མཚུངས་ལས་སྒོར་ཁྲི་7034འཕར་བ་དང་། རྫོང་ཡོངས་ཀྱི་རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི“མཐའ་ཚད་འགན་སྲུང”བྱེད་དགོས་པའི་འབྲོག་དུད་2979ནས་855བར་ཤུགས་ཆེན་ཆག་པ་དང་། རྩྭ་ཐང་གི་སྐྱེ་ཁམས་སྲུང་སྐྱོང་གི་ཁ་གསབ་བྱ་དགའི་སྲིད་ཇུས་ཀྱི“དངུལ་གྲངས་མང་ཤོས”ལེན་པའི་འབྲོག་དུད་1163ནས་4853བར་ཤུགས་ཆེན་འཕར་ཡོད། ཁག་གཞན་ཞིག་ནི་འབྲོག་པའི་ལག་ཏུ་ཐད་ཀར་སྤྲད་པའི་བརྒྱུད་བཤུག་བོགས་དངུལ་ཡིན་ཞིང་། ཁྱོན་བསྡོམས་སྒོར་ཁྲི་1073ལྷག་ཙམ་ཟིན་ཡོད།

    འབྲོག་དུད་ཁྲི་1.2ཀྱིས“མཛུབ་ཐེལ”བརྒྱབ་པ་དེ་རེ་འདུན་ཞུ་ཡིག་རེ་རེ་ནས་ཚད་ལྡན་གྱི་རོགས་ལས་སུ་གྱུར་ཏེ་ཐོན་འབབ་བཟང་བའི་དགའ་སྤྲོའི་ཁྲོད་མཉམ་འདྲེས་ཐུབ་ཡོད་ལ། སྒྱུར་བཅོས་ལམ་བུའི་ཐོག་གི་མངོན་གསལ་དོད་ཤོས་ཀྱི་ལམ་རྟགས་སུ་དེ་བས་གྱུར་ནས་མ་འོངས་པའི་རིམ་པ་དེ་བས་ཟབ་པ་དང་ཁྱབ་རྒྱ་དེ་བས་ཆེ་བའི་འབྲོག་ལས་སྒྱུར་བཅོས་ཀྱི་ལམ་བུ་སྟོན་རྒྱུ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།