མཛའ་བརྩེ་ཕྱི་ཐག་རིང་། འབྱུང་འགྱུར་མཉམ་དུ་གཏོད།
འཛམ་གླིང་གི་ས་བཀྲར་བལྟས་ཚེ་གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་ནུབ་སྣེ་ནས་སྔོ་ཐིང་ཐིང་གི“ཆུ་བོ་རིང་པོ”ཞིག་གྱ་གྱུའི་ངང་ནུབ་ཕྱོགས་སུ་རྒྱུག་སྟེ། མཐར་ནུབ་རྒྱ་མཚོ་ཆེན་པོར་འབབ་བཞིན་ཡོད། དོག་ཅིང་རིང་བའི་རྒྱལ་ཁབ་ཀྱི་ས་ཁོངས་དེ་ས་གཞི་ཆེན་པོར་དར་སྐུད་འཐེན་པ་ལྟར་ཡོད་ཅིང་། དེ་ནི་གླིང་ཆེན་ཨ་ཧྥེ་རི་ཁའི་སྐམ་ས་ཆེན་པོའི་རྒྱལ་ཁབ་ཆུང་ཤོས་ཀམ་པི་ཡ་ཞེས་པ་དེ་ཡིན།
དེ་ནི“འཛུམ་མདངས་མཚོ་ངོགས”སུ་འབོད་པའི་ཡུལ་སྐོར་གནས་མཆོག་ཅིག་ཡིན་ཞིང་། ཀམ་པི་ཡས་ཀྱང་འཛམ་གླིང་དུ་སྐད་གྲགས་ཆོད་པའི་འདབ་ཆགས་སྤྱན་གཟིགས་གནས་མཆོག་དང་། ཉི་འོད་བྱེ་ཐང་། མགྲོན་བསུར་དགའ་བའི་མི་དམངས་བཅས་ལ་བརྟེན་ནས་རྒྱལ་ཁབ་ཁག་གི་ཡུལ་སྐོར་བའི་ཡིད་དབང་འགུག་བཞིན་ཡོད་ལ། མན་ཏིང་ཀོ་དང་ཝོ་ལུའོ་ཧྥུའུ་སོགས་རིགས་རྒྱུད་ཚོ་ཁག་རྣམས་འཆམ་མཐུན་མཉམ་གནས་དང་། ཨ་ཧྥེ་རི་ཁའི་གོམས་གཤིས་དང་དབྱི་སི་ལན་གྱི་རིག་གནས་མཉམ་འདྲེས་གཏིང་ཟབ་འབྱུང་བཞིན་ཡོད།
ད་ལོ་ནི་ཀྲུང་ཀམ་དབར་གྱི་ཕྱི་འབྲེལ་སླར་གསོ་བྱུང་ནས་ལོ་ངོ་བཅུ་འཁོར་བའི་ལོ་ཡིན་ཞིང་། ཕྱི་འབྲེལ་གྱི་འབྲེལ་བ་སླར་གསོ་བྱུང་རྗེས་ཀྱི་ཀམ་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཐེངས་གསུམ་པ་ཡིན་པའི་ངས་ཕྱོགས་གཉིས་པོའི་འབྲེལ་བར་ཉམས་སད་སྣ་ཚོགས་ཐེབས་རྗེས་སྐྱེ་སྟོབས་དང་གསོན་ཤུགས་དེ་བས་ཆེ་རུ་ཕྱིན་པའི་བདེན་དཔང་བྱས་བྱེད་ཐུབ་ཅེས་བརྗོད།
ལོ་བཅུའི་ལོ་རྒྱུས་ཀྱི་ལམ་བུ་བརྒྱུད་རྒྱལ་ཁབ་གཉིས་པོའི་ཆབ་སྲིད་ཐད་དེ་བས་ཡིད་ཆེས་བརྟན་དུ་སོང་ཞིང་། ཀྲུའུ་ཞི་ཞི་ཅིན་ཕིང་གིས་ཀྲུང་གོར་འཚམས་འདྲིར་ཡོང་བའི་ཀམ་པི་ཡའི་ཙུང་ཐུང་པཱ་ལུའོ་ལ་གྲོས་མོལ་དང་མཇལ་འཛོམས་ཐེངས་གསུམ་གནང་ཡོད། རྒྱལ་ཁབ་གཉིས་པོའི་གཙོ་བདག་གི་འཐབ་ཇུས་སྣེ་ཁྲིད་འོག ཕྱོགས་གཉིས་པོས་རྒྱལ་སྤྱིའི་ལས་དོན་ཁྲོད་འདོད་མཐུན་སྤྱོད་མཐུན་དང་ཕན་ཚུན་རྒྱབ་སྐྱོར་བྱས་ནས་ཕྱོགས་གཉིས་པོའི་འབྲེལ་བ་འཐབ་ཇུས་རོགས་ཟླའི་འབྲེལ་བར་རིམ་སྤོར་བྱས་ཡོད།
ལོ་བཅུའི་ལོ་རྒྱུས་ཀྱི་བརྒྱུད་རིམ་ལས་ཀྲུང་ཀམ་མཛའ་གྲོགས་དེ་ལོ་རྒྱུས་སུ་རྩ་བ་ཚུགས་པ་དང་། རླབས་རྒྱུན་དང་བསྟུན་པ། མི་དམངས་ལ་བདེ་སྐྱིད་སྐྲུན་པ་བཅས་ཡིན་པ་ར་སྤྲོད་གང་ལེགས་བྱུང་ཡོད། འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་གཅིག་མཚུངས་ཡིན་པའི་ཀྲུང་ཀམ་རྒྱལ་ཁབ་གཉིས་པོས་རྒྱལ་ཁབ་ཀྱི་འཕེལ་རྒྱས་དོན་གཉེར་དང་མི་དམངས་ལ་བདེ་སྐྱིད་བསྐྲུན་པའི་དེང་རབས་ཅན་གྱི་ལམ་བུར་ནུས་ཤུགས་ཡོད་རྒུས་མདུན་སྐྱོད་བྱེད་བཞིན་ཡོད། ཕྱོགས་གཉིས་པོའི་འཕེལ་རྒྱས་ཀྱི་དམིགས་ཚད་གཅིག་མཐུན་ཡིན་ལ། མཉམ་ལས་ཀྱི་མི་མངོན་པའི་སྟོབས་ཤུགས་ཀྱང་ཆེན་པོ་ཡོད་པས། ནུས་རྒྱུ་དང་། ཞིང་ལས། རྨང་གཞིའི་སྒྲིག་བཀོད། སྨན་བཅོས་འཕྲོད་བསྟེན། ནུས་པ་འཛུགས་སྐྱོང་སོགས་ཁྱབ་ཁོངས་ཀྱི་མཉམ་ལས་ཐད་མདུན་ལམ་ཆེན་པོ་ཡོད། ཕྱི་འབྲེལ་སླར་གསོ་བྱུང་བའི་ལོ་བཅུའི་རིང་དུས་རབས་གསར་པའི་ཀྲུང་ཀམ་འབྲེལ་བར་རྨང་གཞི་བརྟན་པོ་བཏིང་ཡོད་ལ། ལོ་རྒྱུས་ཀྱི་འདྲེས་མཚམས་ནས་རྒྱང་ལྟ་བྱས་ཚེ་ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་འབྲེལ་བར་མུ་མཐུད་ཤུགས་སྣོན་རྒྱག་པའི་ལོ་བཅུ་གསར་པའང་བསུ་རྒྱུ་རེད།
བྱ་གཞག་རླབས་པོ་ཆེ་གང་ཞིག་ཡིན་རུང་གྲུབ་འབྲས་ཐོབ་དགོས་ན། ངེས་པར་དུ་མི་དམངས་ཀྱི་ཁྲོད་ནས་རྨང་གཞི་འཚོལ་བ་དང་མི་དམངས་ཀྱི་ཁྲོད་ནས་སྟོབས་ཤུགས་གཅིག་སྡུད་བྱེད་དགོས་ཤིང་། ཀྲུང་ཀམ་འབྲེལ་བའི་ལོ་བཅུ་གསར་པ་དེའང་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱིས་ཐུན་མོང་དུ་གཏོད་རྒྱུ་རེད། “ཀྲུང་གོ་དང་ཨ་ཧྥེ་རི་ཁའི་མི་ཆོས་རིག་གནས་སྤེལ་རེས་ལོ”གོ་སྐབས་སུ་བྱས་ནས། ཀྲུང་ཀམ་རྒྱལ་ཁབ་གཉིས་པོས་ལག་གདང་སྦྲེལ་ཏེ་རྒྱལ་སྐྱོང་སྲིད་འཛིན་དང་། རིག་གནས། སློབ་གསོ། སྒྱུ་རྩལ། གཞོན་ནུ་སོགས་ཁྱབ་ཁོངས་ཀྱི་སྤེལ་རེས་བྱེད་སྒོ་རབ་དང་རིམ་པ་སྤེལ་ནས་རྒྱལ་ཁབ་གཉིས་པོའི་དམངས་སེམས་འབྲེལ་མཐུད་ཀྱི་ཟམ་པ་དེ་བས་རྒྱ་ཆེ་རུ་གཏོང་རྒྱུ་རེད།
སྨུག་སྤྲིན་དྭངས་པས་རྒྱ་མཚོ་དེ་བས་ཡངས། རླུང་རླབས་འཇགས་རྗེས་གཡོར་བསྒྲེངས་མདུན་དུ་སྐྱོད། ཀྲུང་ཀམ་རྒྱལ་ཁབ་གཉིས་པོའི་མཛའ་གྲོགས་དེ་རྒྱུན་འཛིན་ཁྲོད་གསར་གཏོད་དང་ཕན་ཚུན་ཡིད་ཆེས་ཁྲོད་མདུན་སྐྱོད་བྱས་ནས། དུས་རབས་གསར་པའི་དུས་དང་རྣམ་པ་ཀུན་གྱི་ཀྲུང་ཧྥེ་ལས་དབང་གཅིག་མཐུན་ཚོགས་པ་གཏོད་རྒྱུར་སྒུལ་ཤུགས་བསྣན་ཏེ་དེ་བས་ངོ་མཚར་ཆེ་བའི་ལོ་བཅུ་རྗེས་མ་ཐུན་མོང་ཐོག་གཏོད་རྒྱུ་རེད། (རྩོམ་པ་པོ་ནི་ཀམ་པི་ཡར་བཅའ་སྡོད་ཀྲུང་གོའི་གཞུང་ཚབ་ཆེ་མོ་བ་ཡིན)
འབྲེལ་ཡོད་གསར་འགྱུར།