ཧྥ་རན་སེའི་ཁེ་ལས་ཀྱིས་ཀྲུང་གོའི་གངས་འཁྱཌ་ཐོན་ལས་ལ་མདུན་ལམ་ཡག་པོ་ཡོད་པའི་ངོས་འཛིན་བྱས་པ།
ཀྲུང་གོའི་གངས་ཤུད་ཁྲོམ་རར་རང་ངོས་ཀྱི་ཁྱད་ཆོས་ལྡན་པའི་འཕེལ་རྒྱས་གཏོང་སྟངས་ཤིག་གྲུབ་བཞིན་ཡོད།

དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་གངས་འཁྱགས་ཐོན་ལས་ཀྱིས་པོ་མཱ་དང་ལུའུ་ཤིས་ནུའོ་སོགས་ཧྥ་རན་སེའི་ཁེ་ལས་ལ་འཕེལ་རྒྱས་ཀྱི་གོ་སྐབས་བསྐྲུན་ཞིང་། འདི་ནི་ཧྥ་རན་སེའི་རི་ཁུལ་ལུས་རྩལ་ཐོན་ལས་ཀྱི་ལྟེ་བའི་གྲོང་ཁྱེར་ཀེ་ལེ་ནུའོ་པུ་ཨེར་ཉེ་འགྲམ་གྱི་ཧྲང་ལུའུ་སི་གངས་ཤུད་ར་བ་ཡིན་པ་དང་། དེ་གར་པོ་མཱ་ཚོགས་པའི་འབྲེང་འཁོར་སྒྲིག་སྦྱོར་བྱས་ཡོད་ལ། དེ་ནི་ལུའུ་ཤིས་ནུའོ་ཚོགས་པའི་ཐོན་རྫས་ཚད་ལེན་ཚོད་ལྟ་བྱ་ཡུལ་གལ་ཆེན་ཞིག་ཀྱང་རེད།
ཧྥ་རན་སེའི་ཨར་པེ་སི་རི་འདབས་སུ་གནས་པའི་ལུའུ་ཤིས་ནུའོ་ཚོགས་པའི་སྤྱི་ཁྱབ་པུའུ་རུ། གངས་ཤུད་པང་ལེབ་རེ་རེ་བརྒྱུད་རིམ་ཞིབ་ཚགས་པོ་50ལྷག་ཙམ་བརྒྱུད་ནས་བཟོ་བཞིན་ཡོད། མི་རིང་བའི་གོང་མཇུག་འགྲིལ་བའི་སྨི་ལན་གྱི་དགུན་དུས་ཨོ་རྩལ་འགྲན་ཚོགས་སུ་བདམས་ཐོན་པ་མང་པོས་བེད་སྤྱོད་པའི་སྒྲིག་ཆས་དག་ས་ཆ་དེ་ནས་ཐོན་པ་རེད། ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གངས་འཁྱགས་ཁྲོམ་ར་གོ་ལ་ཧྲིལ་པོའི་གསོན་ཤུགས་ཆེ་ཤོས་ལྡན་པའི་འཕར་སྣེ་ཞིག་ཏུ་གྱུར་པ་དང་ཆབས་ཅིག ལུའུ་ཤིས་ནུའོ་ཚོགས་པར་ཡང་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་འགྲོ་བཞིན་པའི་ཀྲུང་གོའི་གངས་འཁྱགས་ཐོན་ལས་ཁྲོད་ནས་གོ་སྐབས་གསར་པ་མང་པོ་ཐོབ་ཡོད།
ལོ་20ཡི་གོང་། ལུའུ་ཤིས་ནུའོ་ཚོགས་པ་དང་ཀྲུང་གོའི་དབར་འབྲེལ་བ་ཟབ་མོ་ཆགས་ནས་ཀྲུང་གོར་གངས་ཤུད་སྒྲིག་ཆས་ཐོན་རྫས་ཕྱིར་ཚོང་བྱེད་འགོ་ཚུགས། 2019ལོར་ལུའུ་ཤིས་ནུའོ་ཚོགས་པས་ཧྲང་ཧའེ་དང་པེ་ཅིང་དུ་སྔ་རྗེས་སུ་ཆེད་ཚོང་ཁང་དངོས་སུ་བཙུགས་ཏེ་ཀྲུང་གོའི་ཁྲོམ་རར་ཞུགས་པའི་གོམ་སྟབས་མགྱོགས་སུ་བཏང་ཡོད། “ལུའུ་ཤིས་ནུའོ་ཚོགས་པས་ཀྲུང་གོར་ཕྱི་རྒྱལ་གྱི་ཡན་ལག་ཀུང་སི་བཙུགས་པ་དེས་ཚོགས་པའི་གོ་ལ་ཧྲིལ་པོ་ཅན་གྱི་འཐབ་ཇུས་ཁྲོད་དོན་སྙིང་གལ་ཆེན་ལྡན་ཡོད”ཅེས་ལུའུ་ཤིས་ནུའོ་ཚོགས་པའི་ཀྲུང་གོ་ཁུལ་གྱི་འགན་འཁུར་བ་ཤིས་མོང·ཕང་ཕི་ལི་ཨའོ་ཡིས་འདི་ག་ཚགས་པར་གྱི་གསར་འགོད་པར་བརྗོད་བྱུང་།
ཀྲུང་གོས་ཧྥ་རན་སེའི་གངས་འཁྱགས་ཁེ་ལས་ལ་ཁྲོམ་ར་ཆེན་པོ་མཁོ་འདོན་བྱས་ཡོད་པ་མ་ཟད། ཀྲུང་གོའི་བཟོ་སྐྲུན་དང་ཀྲུང་གོའི་ཉམས་མྱོང་གིས་ཀྱང་ས་གནས་དེ་གའི་གངས་འཁྱགས་ཐོན་ལས་ལ་མཐུན་རྐྱེན་སྦྱར་ཡོད། ལུའུ་ཤིས་ནུའོ་ཚོགས་པ་ཡི་གངས་ཤུད་གྱོན་ཆས་དང་ལྟོ་ཕད་སོགས་ཕྱེད་ཀ་ཙམ་ཤིག་ཀྲུང་གོའི་ཁེ་ལས་ཀྱིས་མཁོ་འདོན་བྱེད་ཀྱི་ཡོད། ཧྥ་རན་སེའི་གངས་ཤུད་ཡོ་ཆས་ཚོང་ཁང་ཞིག་གི་སྦྱིན་བདག་ཨན་ཐོ་དབན·ལི་ཀེ་ཡིས་ངོ་སྤྲོད་བྱས་དོན། ཁོང་གི་ཚོང་ཁང་ནང་གི་80%ཙམ་གྱི་ཚོང་ཟོག་ནི“ཀྲུང་གོས་བཟོས་པ”ཡིན་ཞིང་། དེའི་ནང་རྨོག་ཞྭ་དང་། ལག་ཤུབས། གངས་ཤུད་གྱོན་གོས། ལྟོ་ཕད། མིག་སྲུང་མིག་ཤེལ། གངས་ཤུད་འཁར་བ་སོགས་ཡོད། “ཀྲུང་གོས་རིམ་པ་མི་འདྲ་བའི་ཐོན་རྫས་ཀྱི་དགོས་མཁོ་སྐོང་ཐུབ་ཀྱི་འདུག”ཅེས་ལེ་ཀེ་ཡིས་བཤད།
གོ་ལ་ཧྲིལ་པོའི་འབྲེང་འཁོར་བཟོ་སྐྲུན་ཚོང་པ་པོ་མཱ་ཚོགས་པས་ཀྲུང་གོར་ལས་སྒོ་གཉེར་ནས་ལོ་40ཙམ་སོང་ཞིང་། ཡུལ་སྐོར་མཛེས་ལྗོངས་ཁུལ་གྱི་འབྲེང་འཁོར་ནི་དུས་ཡུན་རིང་པོའི་ནང་ཁེ་ལས་དེའི་ལས་སྒོ་གཙོ་བོ་ཡིན་པ་དང་། ཉེ་བའི་ལོ་ཤས་རིང་ཀྲུང་གོར་ཡོད་པའི་གངས་ཤུད་ར་བའི་རྨང་གཞིའི་འཛུགས་སྐྲུན་ལས་སྒོ་འཕེལ་རྒྱས་མྱུར་པོ་བྱུང་ཡོད། ཀྲང་ཅ་ཁོའུ་ཁྲུང་ལི་ཁུལ་དུ་པོ་མཱ་ཚོགས་པས་གངས་ཤུད་ར་བ་མང་པོའི་འབྲེང་ལམ་གྱི་འབྲེང་འཁོར་བཟོ་བའི་ལས་དོན་ལ་ཞུགས་པ་དང་། སྒྲིག་ཆས་ཁག་གཅིག་པེ་ཅིང་གི་དགུན་དུས་ཨོ་རྩལ་འགྲན་ཚོགས་ཀྱི་འགྲན་བསྡུར་དང་སྦྱོང་བརྡར་བྱ་ཡུལ་དུ་སྤྱད་ཡོད། “ཉེ་ཆར་ང་ཚོས་བསྐྲུན་པའི་གངས་ཤུད་ར་བའི་རྣམ་གྲངས་ནི་སི་ཁྲོན་ཁྲེང་ཏུའུ་ཡི་ཤིས་ལིང་གངས་རིར་གནས་པ་དང་། ཀྲུང་གོའི་གངས་ཤུད་ཀྱི་རྨང་གཞིའི་སྒྲིག་བཀོད་ཚང་མ་དུས་མཚམས་རང་བཞིན་གྱི་བྱང་ཆུབ་པའི་དུས་སུ་སླེབས་ཡོད”ཅེས་པོ་མཱ་རྒྱལ་སྤྱིའི་ཚོང་དོན་གྱི་སྤྱི་ཁྱབ་ལྟ་ཞིབ་པ་ཨའེ་ཏེ་ཧྭ·ཏུའོ་ཝུའེ་ལེར་གྱིས་གསར་འགོད་པར་བརྗོད།
འབྲེལ་ཡོད་གསར་འགྱུར།