དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་ནང་།
  • ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས།

    འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་དཔེ་མཚོན་གྱོད་དཔེ་ཁག་6ཁྱབ་བསྒྲགས་བྱས་པ།

  • ཡོང་ཁུངས།  ཤིན་ཧྭ་གསར་འགྱུར་ཁང་།    |     སྤེལ་དུས།  2026-03-24

    ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ། ཟླ་3ཚེས་15ཉིན། ཆེས་མཐོའི་མི་དམངས་ཁྲིམས་ཁང་གིས་འཛད་སྤྱོད་པའི་ཁེ་དབང་སྲུང་སྐྱོང་སྐོར་གྱི་དཔེ་མཚོན་གྱོད་དཔེ་ཁག་6ཁྱབ་བསྒྲགས་བྱས་ཏེ། མི་དམངས་ཁྲིམས་ཁང་གིས་འཛད་སྤྱོད་ལ་སྲུང་སྐྱོང་བྱེད་པ་དང་། དམངས་འཚོར་ཞབས་འདེགས་ཞུ་བ། འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་གསོན་ཉམས་དོད་པའི་ལག་ལེན་གཅིག་སྡུད་ཐོག་མངོན་པར་བྱས་ཡོད།

    “ཤེ་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་བརྙན་ལམ་འཕྲིན་གཏོང་ཀུང་སི་ཞིག་གི་དྲ་རྒྱའི་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི”ཞིག་གི་ཁྲོད། བརྙན་ལམ་ལས་སྟེགས་གཉེར་སྐྱོང་བྱེད་མཁན་ཞིག་གིས་བརྙན་ལམ་གྱི་ཚོགས་མིར་རང་འགུལ་ངང་གྲོན་དངུལ་འཇལ་དུ་འཇུག་པའི་བྱ་ཐབས་སྤྱད་དེ་ཞབས་འདེགས་ཞུ་གི་ཡོད་མོད། འོན་ཀྱང་རང་འགུལ་ངང་གྲོན་དངུལ་མཐུད་སྤྲོད་བྱེད་པའི་དུས་ཚོད་མ་སླེབས་གོང་འཛད་སྤྱོད་པར་དུས་ཚོད་སླེབས་གྲབས་ཡོད་པའི་དྲན་སྐུལ་མངོན་གསལ་དོད་པོ་བྱས་མེད། མི་དམངས་ཁྲིམས་ཁང་ནས་གཉེར་སྐྱོང་མཁན་གྱིས་འཛད་སྤྱོད་པར་གྱོང་གུན་འཇལ་དགོས་པའི་ཁྲིམས་གཅོད་བཀའ་རྒྱ་བཏང་བ་དེས་བརྙན་ལམ་ལས་སྟེགས་གཉེར་སྐྱོང་མཁན་གྱིས་རང་འགུལ་ངང་གྲོན་དངུལ་མཐུད་སྤྲོད་བྱེད་པའི་གཉེར་སྐྱོང་བྱེད་སྟངས་འཐུས་སྒོ་ཚང་དུ་གཏོང་བར་ཁྲིད་སྟོན་དང་། འཛད་སྤྱོད་པའི་གནས་ཚུལ་ཤེས་རྟོགས་བྱེད་དབང་དང་གདམ་ག་བྱེད་དབང་ལ་འགན་ལེན་བྱས་ཏེ། “གནས་ཚུལ་གསལ་པོ་མ་ཤེས་པར་གྲོན་དངུལ་མཐུད་སྤྲོད་བྱེད་པའི”བྱེད་ཐབས་ལ་བཀག་འགོག་བྱས་པ་བརྒྱུད། འཛད་སྤྱོད་པས་བློ་བདེ་པོའི་ངང་འཛད་སྤྱོད་བྱེད་པར་སྐུལ་ལྕག་གཏོང་བར་ཕན་ཐོགས་ཡོད་པ་རེད།

    “ཡུས་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་ཀྲང་ཆེ་གེ་མོའི་ཆ་འཕྲིན་དྲ་རྒྱའི་ཉོ་ཚོང་གན་རྒྱའི་རྩོད་གཞིའི་གྱོད་གཞི”ཞིག་གི་ཁྲོད། གཉེར་སྐྱོང་བས་ཁྲིམས་འགལ་ངང་ཁེ་ཕན་ཟ་ཆེད། ཤ་སྐམ་དུ་གཏོང་བའི་བཟའ་བཅའི་ནང་དུག་དང་གནོད་འཚེ་ལྡན་པའི་གྲུབ་ཆ་བསྣན་པས། འཛད་སྤྱོད་པའི་གཟུགས་གཞི་བདེ་ཐང་ལ་འཇིགས་སྐུལ་ཚབས་ཆེན་བཟོས་ཡོད། མི་དམངས་ཁྲིམས་ཁང་གིས་གུན་གསབ་ལྡབ་བཅུ་ལེན་པའི་འཛད་སྤྱོད་པའི་རེ་ཞུར་ཁྲིམས་ལྟར་རྒྱབ་སྐྱོར་བྱས་ཏེ། བཟའ་བཅའི་བདེ་འཇགས་ཀྱི་ཁྲིམས་འགལ་བྱེད་སྤྱོད་ལ“ཐར་པར་གཏན་ནས་མི་གཏོང་བའི”རྣམ་འགྱུར་མངོན་ནས་ཁྲིམས་འགལ་བྱེད་སྤྱོད་ཟིལ་གྱིས་མནན་ཡོད།

    ལག་ལེན་ཁྲོད། དྲ་ཐོག་ནས་སྔོན་མངགས་བྱེད་སྟངས་ཀྱི་རྣམ་པ་ཉིན་བཞིན་ཡོངས་ཁྱབ་ཏུ་འགྲོ་བཞིན་ཡོད་དེ། དཔེར་ན། འཛད་སྤྱོད་པས་ཡུལ་སྐོར་དུ་མ་བསྐྱོད་གོང་ནས་མགྲོན་ཁང་མངགས་པ་ལྟ་བུ་རེད། འོན་ཀྱང་ཡུལ་སྐོར་དུ་འགྲོ་མ་ཐུབ་པ་སོགས་ཀྱིས་རྐྱེན་པས་སྔོན་མངགས་མེད་པ་བཟོ་དགོས་ཚེ། སྐབས་འགར་དེའི་ཐད་གནས་ཚུལ་འདྲ་མིན་སྣ་ཚོགས་འཕྲད་ཀྱི་ཡོད། “ལུའུ་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་མགྲོན་ཁང་ག་གེ་མོ་ཞིག་གི་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི”ཞིག་གི་ཁྲོད། འཛད་སྤྱོད་པས་སྔོན་མངགས་བྱས་རྗེས་ཀྱི་དུས་ཡུན་ཐུང་ངུ་ཞིག་གི་ནང་སྔོན་མངགས་མེད་པར་བཟོ་བའི་གནས་ཚུལ་ལ། “སྔོན་མངགས་ལེགས་གྲུབ་བྱུང་ནས་སྐར་མ་30སོང་རྗེས་སྔོན་མངགས་མེད་པར་བཟོ་མི་རུང་བ་དང་གལ་སྲིད་མེད་པར་བཟོ་དགོས་ཚེ་སྔོན་སྤྲོད་བྱས་པའི་དངུལ་ཚང་མ་གཅོག་རྒྱུ་ཡིན་པའི”གན་རྒྱའི་དོན་ཚན་དེ་ལུགས་མཐུན་མིན་པའི་དབང་གིས་འཛད་སྤྱོད་པའི་འགན་འཁྲི་ལྕི་རུ་བཏང་བ་མ་ཟད། མགྲོན་ཁང་གི་གྱོང་གུན་དངོས་དང་། གན་རྒྱ་ལག་བསྟར་བྱས་ཚུལ། སྔོན་མངགས་མེད་པ་བཟོ་བ་དེས་བྲིན་ཚོང་ཐེངས་གཉིས་པ་བྱེད་པར་ཤུགས་རྐྱེན་ཐེབས་མིན། དོ་བདག་གི་ནོར་འཛོལ་སོགས་རྒྱུ་རྐྱེན་ལ་མི་དམངས་ཁྲིམས་ཁང་གིས་ཕྱོགས་བསྡུས་ཞིབ་དཔྱད་བྱས་ཏེ། གྲོན་དངུལ་ཕྱིར་སློག་གི་ཚད་གཞི་ལུགས་མཐུན་གཏན་འཁེལ་བྱས་པ་དང་འཛད་སྤྱོད་པའི་ཁེ་དབང་དང་གཉེར་སྐྱོང་བའི་ཁེ་ཕན་ལ་དྲང་གཞག་ངང་སྲུང་སྐྱོང་བྱས་པ་དེས། དྲ་ཐོག་ནས་སྔོན་མངགས་བྱེད་སྟངས་མུ་མཐུད་འཐུས་སྒོ་ཚང་དུ་དང་ལེགས་སུ་འགྲོ་བར་སྐུལ་མ་གཏོང་རྒྱུར་ཕན་ཐོགས་ཡོད་པ་རེད།

    “སུང་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་ཀྲའོ་ཆེ་གེ་མོའི་ཐོན་རྫས་ཀྱི་འགན་འཁྲིའི་རྩོད་གཞིའི་གྱོད་གཞི”ཞིག་གི་ཁྲོད། གཉེར་སྐྱོང་བས་རྒན་རྒོན་གྱིས་གཅོང་ནད་བཅོས་ཐུབ་རེ་བྱེད་པར་དམིགས་ཏེ་དངོས་ལུགས་ཀྱི་གསོ་ཐབས་ཐོན་རྫས་ལ“མཐོ་གསུམ་གཅོག་ཐུབ་པ”དང“གཅིན་སྙི་ཟགས་ཁུའི་འདུས་ནད་བཅོས་ཐུབ་པ”སོགས་ཀྱི་ནུས་པ་ལྡན་ལུགས་དྲིལ་བསྒྲགས་རྫུན་མ་བྱས་ནས། རྒན་རྒོན་གྱིས་འཛད་སྤྱོད་བྱེད་པར་མགོ་སྐོར་གཏོང་གི་ཡོད། མི་དམངས་ཁྲིམས་ཁང་གིས་དེ་ནི་གཉེར་སྐྱོང་བས་མགོ་སྐོར་བཏང་བ་གཏན་འཁེལ་བྱས་པ་དང་། གཅིག་བསློགས་ཚེ་གསུམ་སྐྱིན་ཚབ་འཇལ་དགོས་པའི་རྒན་རྒོན་འཛད་སྤྱོད་པའི་རེ་ཞུར་རྒྱབ་སྐྱོར་བྱས་ནས། “རྒན་རྒོན་ལ་མགོ་སྐོར་གཏོང་བའི”བྱེད་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད།

    གྱོད་དཔེ་དེ་དག་གི་ནང་ད་དུང“ཀྲང་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་མཛེས་འཆོས་བྱུག་རྫས་ཚོང་ཁང་ཞིག་གི་ཞབས་ཞུའི་གན་རྒྱའི་རྩོད་གཞིའི་གྱོད་གཞི”དང“ཀའོ་ཆེ་གེ་མོས་ཞུ་གཏུག་བརྒྱབ་པའི་གཅེས་ཉར་སྲོག་ཆགས་ཀུང་སི་ཞིག་གི་ཐོན་རྫས་ཕྱིར་ཚོང་བྱེད་མཁན་གྱི་འགན་འཁྲིའི་རྩོད་གཞིའི་གྱོད་གཞིའང”ཚུད་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།