ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་གནས་སྤོས་མང་ཚོགས་དུད་ཚང་150ཁང་པ་གསར་པར་སྤོས་པ།
སྡོད་ཁང་གསར་པར་སྤོས། བདེ་སྐྱིད་འཚོ་བ་སྐྱེལ།
ཡར་ཀླུང་གཙང་པོའི་ངོགས་སུ་དཔྱིད་རླུང་དལ་གྱིས་ལྡང་བ་དང་སྦྲགས་ཐོས་པ་ཙམ་གྱིས་སྤྲོ་བ་འཕེལ་བའི་གཏམ་བཟང་གྲགས་ཤིང་། ལྷོ་ཁ་གྲོང་ཁྱེར་ཆུ་གསུམ་རྫོང་གི་གནས་སྤོས་མང་ཚོགས་དུད་ཚང་150ཁང་པ་གསར་པར་སྤོ་རྒྱུ་བྱུང་སྟེ“རི་ཁུག་ནས་དོན་ཏེ་ཁང་པ་གསར་པར་སྤོ་རྒྱུའི”དམངས་འཚོའི་ཁས་ལེན་དེ་དོན་དངོས་ཤིག་ཏུ་གྱུར་ཡོད།
ཟླ་3ཚེས་15ཉིན། ཆུ་གསུམ་གྲོང་རྡལ་གྱི་གཅིག་སྡུད་བཀོད་སྒྲིག་ས་ཚིགས་སུ་མི་ཚོགས་ཆེ་བ་དང་དར་ཚོན་ལྷབ་ལྷུབ་ཏུ་གཡོ་ཞིང་། “ཁང་པ་གསར་པར་སྤོས་ནས་གུང་ཁྲན་ཏང་ལ་བསྟོད་གླུ་འབུལ། བདེ་སྡོད་ལས་བརྩོན་བྱས་ནས་འཚོ་བ་གསར་པ་སྐྱེལ་འགོ་འཛུགས”ཞེས་པའི་ཁང་པ་གསར་པར་སྤོ་བའི་མཛད་སྒོ་དང་དྲིལ་བསྒྲགས་སློབ་གསོའི་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་དེ་ཐོག་ནས་བཀོད་སྒྲིག་ས་ཚིགས་དེའི་རྣམ་གྲངས་སྤྱོད་འགོ་ཚུགས་པ་མཚོན་གྱི་ཡོད།
དེ་སྔོན་ཆུ་གསུམ་གྲོང་རྡལ་དང་དེའི་ཉེ་འཁོར་ས་ཁོངས་ཀྱི་ས་གཤིས་ཞན་པའི་ཁར། རི་བོ་གཅིག་ལ་གཅིག་སྦྲེལ་བའི་དབང་གིས་མང་ཚོགས་ཁ་ཐོར་དུ་གནས་ཤིང་། དེ་གའི་ས་ཕག་ཁང་པ་རྙིང་པ་མང་ཆེ་བའི་གྱང་ངོས་གས་པ་དང་རྩིག་རྨང་བབ་ཞོལ་སོང་ནས་མངོན་མེད་རྐྱེན་ངན་ཆེན་པོ་ཡོད། “མི་ཚེ་གང་པོར་ཁང་པ་ཐེངས་འགའ་རྒྱག་དགོས་འཁེལ་གྱི་འདུག་པས་འགྲོ་སོང་མང་པོ་གཏོང་རྒྱུ་ལྟ་ཅི་སྨོས། ད་དུང་མིའི་ངོ་སོ་ཡང་ཁུར་དགོས་ཀྱི་འདུག”ཅེས་པ་ནི་མང་ཚོཌ་མི་ཉུང་བ་ཞིག་གིས་སུན་སྣང་བྱེད་པའི་བྱ་བ་ཞིག་རེད། ད་ཆ་ཁྱོན་མ་དངུལ་སྒོར་ཁྲི་8946.58བཏང་བའི་བཀོད་སྒྲིག་ས་ཚིགས་དེར་ཆུ་དང་། གློག ལམ། དྲ་བ་བཅས་ཚང་མ་ཡོད་པ་མ་ཟད། ཁང་པ་དེ་དག་སྤུས་ཚད་མཐོ་པོ་དང་ཉི་མ་དྲོ་པོའང་ཡོད། གྲལ་སྟར་འགྲིག་པོར་བསྐྲུན་པའི་ཁང་པ་གསར་པ་དེ་དག་ལས་དྲོ་སྐྱིད་ལྡན་པའི་འཚོ་བ་གསར་རྐྱང་ཞིག་སྐྱེལ་འགོ་ཚུགས་པ་མཚོན་གྱི་ཡོད།
བདེ་སྡོད་ནི་གྲོང་གསེབ་དར་རྒྱས་གཏོང་བའི་རྨང་རྡོ་བརྟན་ཤོས་ཞིག་རེད། ཉེ་བའི་ལོ་ཤས་རིང་ཆུ་གསུམ་རྫོང་གིས་གནས་འཕྲོད་ལས་འཚམ་མཛེས་མཐུན་གསུམ་ལྡན་གྱི་གྲོང་གསེབ་ནུས་ཤུགས་ཡོད་རྒུས་བཏོད་ཅིང་། “ཉེན་ཁུལ” དང“མཐའ་ཁུལ”ལ་དམ་པོར་དམིགས་ཏེ། གྲོང་ཚོ(ཚོགས་ཆུང)ཧྲིལ་པོ་བདེ་འཇགས་དང་རྒྱ་ཆེའི་ཁུལ་དུ་གནས་སྤོ་བྱས་པ་མ་ཟད། ད་དུང་མི་ཕྱུགས་ལོགས་དབྱེ་དང་ཆུ་འགྲོ་གློག་དྲ་སོགས་ཀྱི་སྒྲིག་བཀོད་ཆ་ཚང་བཀོད་སྒྲིག་བྱས་ནས་མང་ཚོགས་ཀྱི་འཚོ་བའི་ཆ་རྐྱེན་གཞི་རྩ་ནས་ལེགས་སུ་བཏང་ཡོད།
དུས་མཚུངས་སུ《ཆུ་གསུམ་རྫོང་གི་ཞིང་འབྲོག་ཁུལ་གྱི་སྡོད་ཁང་གསར་སྐྲུན་གྱི་བྱ་དགས་ཁ་གསབ་ཀྱི་ཚབ་བྱེད་པའི་ལག་བསྟར་ཇུས་གཞི》བཟོས་ནས་བཏོན་ཏེ། གཅིག་གྱུར་འཆར་འགོད་ལྟར་རང་ཉིད་ཀྱིས་བསྐྲུན་པར་དུད་ཚང་རེར་ཁ་གསབ་སྒོར་ཁྲི་5དང་ཕྱིས་སུ་རང་ཉིད་ཀྱིས་བསྐྲུན་པར་དུད་ཚང་རེར་ཁ་གསབ་སྒོར་ཁྲི་2སྤྲོད་རྒྱུའི་ཚད་གཞི་གཏན་འཁེལ་བྱས་ཤིང་། ནོར་སྲིད་ཀྱི་མ་དངུལ་བེད་སྤྱོད་འདང་ངེས་དང་ཡག་པོ་བྱས་ནས་མང་ཚོགས་ཀྱིས་ཁྱིམ་གཞིས་མཉམ་སྐྲུན་བྱེད་པར་སྐུལ་འདེད་བཏང་ཡོད།
འབྲེལ་ཡོད་གསར་འགྱུར།