རླམ་རྩྭ་ཕོ་སུལ་བཏབ་པས་མང་ཚོགས་ཀྱི་འཚོ་བ་དེ་བས་ལེགས་སུ་ཕྱིན་པ།

འདི་ནི་ས་ནས་འབུས་བཞིན་པའི་རླམ་རྩྭ་ཕོ་སུལ་ཡིན་པ།
བོད་ཤར་རྒྱུད་དུ་དཔྱིད་ཀ་ཤར་ནས་ཕྱོགས་གང་སར་སྐྱེ་སྟོབས་ཀྱི་དཔལ་འབར་བའི་རྣམ་པ་ཞིག་མངོན་བཞིན་མཆིས། ས་བབ་སྨི་3500ཟིན་པའི་ཆབ་མདོའི་ས་གཞི་ཆེན་པོར་རླམ་རྩྭ་ཕོ་སུལ་དག་ཆར་རྗེས་ཀྱི་མྱུ་གུ་བཞིན་ཐོན་གྱིན་ཡོད། མིག་སྔར། བྲག་གཡབ་རྫོང་མཁར་སྒང་ཤང་དང་། བྱམས་མདུན་གྲོང་རྡལ། ཁ་རུབ་ཆུས་འགུ་རོ་གྲོང་རྡལ་སོགས་ཀྱི་མུའུ་136ཟིན་པའི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་རྟེན་གཞིར་ཤ་མོ་འདེབས་པའི་འགག་རྩའི་དུས་དང་ཐོན་འབབ་མང་བའི་དུས་སུ་སླེབས་ཡོད།
“ང་ཚོའི་ཤང་ནི་ཆབ་མདོའི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ཀྱི་གཞི་ཁྱོན་ཆེ་ཤོས་ཀྱི་ཤང(གྲོང་རྡལ)རྟེན་གཞི་ཡིན། ད་ལོ། ཤ་མོ་མུའུ་100ལྷག་ཙམ་བཏབ་པར་ཤ་མོ་བུས་རྗེས་ཉིན་ལྟར་རླམ་རྩྭ་ཕོ་སུལ་རྒྱ་མ་500ལྷག་ཙམ་བསྡུ་ཐུབ། ང་ཚོས‘མཉམ་ལས་ཁང་དང་ཞིང་དུད་ཟུང་འབྲེལ’གྱི་ལམ་སྲོལ་སྤྱད་དེ་དུད་ཚང་68ཀྱི་གྲོང་མིར་འབབ་འཕར་ཡོང་བར་སྐུལ་ཁྲིད་བྱས་པས་དུད་ཚང་རེར་ཆ་སྙོམས་འབབ་འཕར་སྒོར་5000ལྷག་ཙམ་བྱུང་ཡོད”ཅེས་རྟེན་གཞིའི་འགན་འཁུར་བ་ཏིང་ཐེན་ཝུན་གྱིས་དགའ་སྤྲོའི་ངང་བཤད།
རླམ་རྩྭ་ཕོ་སུལ་ལས་ཞིང་ལས་རིམ་སྤོར་བྱུང་བ་མཚོན་ལ། ཚན་རྩལ་གྱིས་མཐུན་རྐྱེན་སྦྱར་བ་ལས་བྱུང་བའི་གྲུབ་འབྲས་ཀྱང་མཚོན་ཐུབ། དགུན་དུས་ཆབ་མདོའི་དྲོད་ཚད་དམའ་བས་དེ་སྔ་ཞིང་ཁ་འདེབས་ཐུབ་ཀྱི་མེད། ད་ཆ་ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཁང་གི་ལག་རྩལ་འདེགས་སྐྱོར་ལ་བརྟེན་ནས་དགུན་དུས་དྲོད་ཁང་ཆེ་མོ་དག་མང་ཚོགས་ཀྱི་ནོར་གཞོང་ལྟ་བུར་གྱུར་ཡོད།
ཁ་རུབ་ཆུས་འགུ་རོ་གྲོང་རྡལ་རྒྱ་གླིང་གྲོང་ཚོའི་དཔེ་སྟོན་རྟེན་གཞིར་གྲོང་ཁྱེར་ཞིང་ལས་ཚན་རྩལ་ཁང་གི་སུའོ་ཀྲང་གཞོན་པ་ཝུའེ་ཀྲི་ལེ་ཡིས་གྲོང་མིར་དྲོད་ཁང་གི་དྲོད་ཚད་ཚོད་འཛིན་བྱེད་སྟངས་སློབ་བཞིན་འདུག
“རླམ་རྩྭ་ཕོ་སུལ་སྐྱེ་འཚར་ཐད་དྲོད་ཚད་ཧྲེ་ཧྲི་ཏུའུ་8ནས་15བར་ཚོད་འཛིན་བྱེད་དགོས་པ་དང་། རླན་ཚད་70%ལ་རྒྱུན་འཁྱོངས་བྱེད་དགོས”ཞེས་ཁོང་གིས་དྲོད་ཚད་ཡོ་བྱད་ལ་མཛུབ་མོ་བཙུགས་ནས་བཤད། ས་གནས་དེ་རང་དུ་ལེགས་བཅོས་འདེབས་འཛུགས་ལག་རྩལ་སྤྱད་པས་ས་མཐོའི་རླམ་རྩྭ་ཕོ་སུལ་ཐོན་ཚད་80%ལྷག་ཙམ་ཟིན་ཡོད། དྲོད་ཁང་ཆེ་མོའི་འགན་འཁུར་བ་ཧྥུའུ་ཝུན་པའོ་ཡིས་ཚོར་སྣང་ཟབ་མོས“ཚན་རྩལ་བྱེད་ཐབས་དེ་དག་སྤྱད་ནས་ཤ་མོ་འདེབས་པར་ང་ཚོའི་སེམས་ཤུགས་དེ་བས་ཆེ་རུ་ཕྱིན་སོང”ཞེས་བརྗོད་བྱུང་།
ད་ཆ་ཆབ་མདོའི་རླམ་རྩྭ་ཕོ་སུལ་འདེབས་འཛུགས་ཐད“ཚན་ཞིབ་དང་། རྟེན་གཞི། ཞིང་དུད། ལས་སྣོན”བཅས་ཟུང་དུ་འབྲེལ་བའི་ཐོན་ལས་འཁོར་འབྲེལ་གྱི་མ་ལག་ཅིག་གྲུབ་ཡོད། ཤོན་ཧུང་ཁེ་ལས་ཚད་ཡོད་ཀུང་སིའི་ལས་སྣོན་འཁོར་ཁང་དུ་རླམ་རྩྭ་ཕོ་སུལ་དེ་དབྱེ་གསེད་དང་། གཙང་འཁྲུ། ཉི་སྐམ་གཏོང་བ་བཅས་བྱས་ཏེ་འཐུམ་སྒྲིལ་བརྒྱབ་ནས་ལྗོངས་ཕྱིར་ཚོང་བ་མ་ཟད། ཤ་མོ་སོས་པ་ཀོང་ཤིས་དང་ཧྲེང་ཀྲེང་དུ་དྲ་ཐོག་དྲ་ཕྱི་བརྒྱུད་ཕྱིར་ཚོང་བྱེད་པར་བརྟེན་ཟུར་སྣོན་རིན་ཐང་ལྡབ་གསུམ་ཙམ་འཕར་ཡོད། ཁེ་ལས་ཀྱི་འགན་འཁུར་བ་ཝུའུ་ཅུན་དབྱིང་གིས་མ་བཅོས་རྒྱུ་ཆ་འཚོང་བ་ནས་ཐོན་རྫས་འཚོང་བའི་བར་དང་། ཞིང་ཁ་ནས་གསོལ་ལྕོག་ཐོག་བཤམས་པའི་བར་ཆབ་མདོའི་རླམ་རྩྭ་ཕོ་སུལ་དེ“ཟུར་སྣོན་རིན་ཐང་མཐོ་བའི་ཚོང་ཟོག”ལ་འགྱུར་བཞིན་ཡོད་ཅེས་བཤད།
ཆབ་མདོ་གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གི་སོའུ་ཀྲང་ཉིའུ་ཅི་ཕིང་གིས་ད་ལོ་གྲོང་ཁྱེར་ཡོངས་ཀྱི་རྟེན་གཞི་མུའུ་136ནས་སྔོན་དཔག་བྱས་ན་སྤྱིའི་ཐོན་འབབ་རྒྱ་མ་ཁྲི་7.5དང་སྤྱིའི་ཐོན་རྫས་རིན་ཐང་སྒོར་ཁྲི་600ལྷག་ཙམ་ཟིན་རྒྱུ་རེད། གོམ་སྟབས་རྗེས་མར། གྲོང་ཁྱེར་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ཤ་མོའི་གཞི་རྐྱེན་མཛོད་བསྐྲུན་ནས་དེ་བས་སྤུས་ལེགས་ཀྱི་སྣ་ཁ་སྐྱེད་སྲིང་བྱས་ཏེ་ཁྱད་ལྡན་ཐོན་ལས་ཀྱི་རྒྱ་སྟོབས་མུ་མཐུད་ཆེ་རུ་གཏོང་གི་ཡིན་ཞེས་བརྗོད་བྱུང་།
ཤ་མོ་འདེབས་འཛུགས་ཐོན་ལས་ཀྱིས་ས་མཐོའི་དགུན་དུས་ཞིང་ལས་ཀྱི་ཕན་འབྲས་ལ་འཕྲད་པའི་དཀའ་གནད་སེལ་བ ་མ་ཟད། ད་དུང་ལག་རྩལ་ལ་བརྟེན་པ་དང་། བྱེད་ཐབས་ཁྱབ་གདལ། མང་ཚོགས་ལ་འབབ་འཕར་ཐུབ་པ་བཅས་ཀྱི་ཕྱུག་འགྱུར་ལམ་བུ་བཏོད་ནས་བོད་ཤར་རྒྱུད་ཀྱི་གྲོང་གསེབ་དར་རྒྱས་ལ་སྒུལ་ནུས་གསར་པ་རྒྱུན་ཆད་མེད་པར་སྦྱིན་ཡོད།
འབྲེལ་ཡོད་གསར་འགྱུར།