སྡེ་ཚན་9ཡིས་སྲིད་ཇུས་དང་བྱེད་ཐབས་ཁག་16བཏོན་པ།
ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ལ་སྐུལ་སྤེལ་དང་རྒྱལ་མཚམས་སུ་འཛུལ་ནས་འཛད་སྤྱོད་བྱེད་མང་དུ་གཏོང་བ།
ཉེ་ཆར། ཚོང་དོན་པུའུ་དང་། ཀྲུང་དབྱང་དྲ་འཕྲིན་གཞུང་དོན་ཁང་། ཕྱི་འབྲེལ་པུའུ། སློབ་གསོ་པུའུ། རིག་གནས་དང་ཡུལ་སྐོར་པུའུ་སོགས་སྡེ་ཚན་9ཡིས《ཡུལ་སྐོར་ཞབས་ཞུའི་ཕྱིར་གཏོང་ལ་སྐུལ་སྤེལ་དང་རྒྱལ་མཚམས་སུ་འཛུལ་ནས་འཛད་སྤྱོད་བྱེད་མང་དུ་གཏོང་བའི་སྐོར་གྱི་སྲིད་ཇུས་དང་བྱ་ཐབས》བཀྲམ་སྟེ། རྒྱལ་མཚམས་འཛུལ་ནས་འཛད་སྤྱོད་བྱེད་མང་དུ་གཏོང་བ་དང་། རྒྱལ་མཚམས་འཛུལ་ནས་ཚོང་དོན་བྱེད་སྒོ་སྤེལ་བར་སྟབས་བདེ་སྐྲུན་པ། རྒྱལ་མཚམས་འཛུལ་ནས་འགྲན་བསྡུར་ལྟ་བའི་འཛད་སྤྱོད་ལ་སྐུལ་སློང་བྱེད་པ། རྒྱལ་མཚམས་འཛུལ་ནས་རིག་གནས་རོལ་རྩེད་བྱེད་པའི་འཛད་སྤྱོད་ཕུན་སུམ་ཚོགས་སུ་གཏོང་བ། རྒྱལ་མཚམས་འཛུལ་ནས་བདེ་ཐང་ཐད་ཀྱི་འཛད་སྤྱོད་བྱེད་མང་དུ་གཏོང་བ། རྒྱལ་མཚམས་འཛུལ་ནས་སློབ་གསོ་གསོ་སྦྱོང་བྱེད་པའི་འཛད་སྤྱོད་འཕེལ་རྒྱས་གཏོང་བ། འགན་ལེན་བྱེད་ཐབས་འཐུས་སྒོ་ཚང་དུ་གཏོང་བ་བཅས་ཕྱོགས་7གྱི་ཐད་ལ་ཞིབ་ཕྲའི་སྲིད་ཇུས་དང་བྱེད་ཐབས་ཁག་16བཏོན་ཡོད་པ་རེད།
ཡུལ་སྐོར་ཞབས་ཞུ(ཡུལ་སྐོར་དང་། ཕྱི་རྒྱལ་དུ་སློབ་སྦྱོང་ལ་འགྲོ་བ། སྨན་པ་བསྟེན་པ་སོགས་ཚུད་ཡོད)ནི་རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་གྱི་ཁྱབ་ཁོངས་ཆེན་པོ་དང་པོ་དེ་ཡིན་པ་དང་། ཕྱིར་གཏོང་ནང་འདྲེན་གྱི་གཞི་ཁྱོན་གྱིས་ཞབས་ཞུ་ཚོང་དོན་བསྡོམས་འབོར་གྱི་བསྡུར་ཚད་བཟུང་ཚད་1∕4ལྷག་ཙམ་ཟིན་གྱི་ཡོད་ལ། དེ་རང་རྒྱལ་གྱི་ཞབས་ཞུ་ཚོང་དོན་ལྡོག་ཁྱད་ཀྱི་ཁྱབ་ཁོངས་ཆེ་ཤོས་ཀྱང་རེད།
ཉེ་བའི་ལོ་ཤས་རིང་། རང་རྒྱལ་གྱིས་ཐོངས་མཆན་འགོད་སྟངས་སྟབས་བདེ་རུ་གཏོང་བ་དང་། དངུལ་སྤྲོད་སྟངས་རྒྱལ་སྤྱིར་སྒྱུར་བ། ཞབས་ཞུ་ཚད་ལྡན་དུ་གཏོང་བ་སོགས་ཀྱི་བྱེད་ཐབས་རབ་དང་རིམ་པར་རྒྱུན་མཐུད་ངང་སྐུལ་འདེད་གཏོང་བ་དང་། རྒྱལ་མཚམས་ལས་གྲོལ་རྗེས་ཁྲལ་དངུལ་སློག་པའི་སྲིད་ཇུས་འདོན་པ། རྒྱལ་སྤྱིའི་འཛད་སྤྱོད་ཁོར་ཡུག་ལེགས་སུ་གཏོང་བ་སོགས་བྱས་པར་བརྟེན། རྒྱལ་མཚམས་འཛུལ་ནས་འཛད་སྤྱོད་བྱེད་པའི་ཡིད་དབང་འཕྲོག་ཤུགས་མགྱོགས་མྱུར་ཆེ་རུ་ཕྱིན་ཡོད་པ་རེད། དེས་ན། 2025ལོར་རྒྱལ་མཚམས་འཛུལ་བའི་ཕྱི་རྒྱལ་ཡུལ་སྐོར་བ་མི་ཐེངས་ཁྲི་3517ཟིན་པ་དེ་2024ལོ་ལས་30.5%འཕར་ཡོད་པ་དང་། རྒྱལ་མཚམས་འཛུལ་མཁན་ཡུལ་སྐོར་བས་ཀྲུང་གོའི་རྒྱལ་ཁོངས་སུ་ཟ་སྡོད་སྐྱོད་སྐོར་ཉོ་རྩེད་སོགས་ཡུལ་སྐོར་གྱི་འཛད་སྤྱོད་སྣ་ཚོགས་བྱས་པ་རང་རྒྱལ་གྱི་ཡུལ་སྐོར་ཞབས་ཞུ་ཕྱིར་གཏོང་ཁོངས་སུ་བཅུག་ན། 2025ལོར་ཕྱིར་གཏོང་གི་བསྡོམས་འབོར་སྒོར་དུང་ཕྱུར་3939.8ཟིན་པ་དེ་དུས་མཚུངས་ལས་49.5%འཕར་ཞིང་དེ་2019ལོའི་ལྡབ་1.6ཡིན་པ་རེད།
སྲིད་ཇུས་དང་བྱེད་ཐབས་རྒྱལ་མཚམས་འཛུལ་བའི་རྣམ་པ་ཚང་མར་ཁྱབ་ཡོད་ཅིང་། རྒྱལ་མཚམས་འཛུལ་བའི་དམིགས་ཡུལ་དང་འཛད་སྤྱོད་ཀྱི་དགོས་མཁོ་མི་འདྲ་བར་གཞིགས་པ་དང་། ཡུལ་སྐོར་གྱི་ཉོ་སྒྲུབ་དང་། ཚོང་དོན་འགྲེམས་ཚོགས། འགྲན་བསྡུར་དང་འཁྲབ་སྟོན་ལ་ལྟ་བ། བདེ་ཐང་ཐད་ཀྱི་འཛད་སྤྱོད། སློབ་གསོ་གསོ་སྦྱོང་སོགས་རྒྱལ་མཚམས་འཛུལ་བའི་འཛད་སྤྱོད་རྣམ་པ་སྣ་ཚོགས་ལ་དམ་པོར་དམིགས་ཏེ། “སྤུས་ལེགས་ཀྱི་ཞབས་འདེགས་ཞུ་མང་དུ་གཏོང་བའི”ཐད་ནས་བྱེད་ཐབས་རབ་དང་རིམ་པ་བཏོན་ཡོད་ལ། “འཛད་སྤྱོད་ཀྱི་ཐོན་ཁུངས་བསྡུ་སྒྲིལ་གྱིས་མཉམ་འདྲེས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི”ཆ་ནས་བྱེད་ཐབས་གསར་པ་ཁག་གཅིག་ཀྱང་བཏོན་ཡོད་པ་དཔེར་ན། “འགྲན་བསྡུར་དང་ཡུལ་སྐོར”ཟུང་དུ་འབྲེལ་བའི་བྱ་ཐབས་བཏོན་པ་དང་། “འཁྲབ་སྟོན་དང་རིག་གནས་ཡུལ་སྐོར”ཟུང་དུ་འབྲེལ་ནས་མཉམ་འདྲེས་འཛད་སྤྱོད་བྱེད་རྒྱ་ཆེ་རུ་གཏོང་བ། “རྒྱལ་སྤྱིའི་འཁྲབ་སྟོན་གྱི་འཛད་སྤྱོད་ཁུལ”གཏོད་པར་རྒྱབ་སྐྱོར་བྱེད་པ། རྒྱལ་སྤྱིའི་སྨན་བཅོས་ཡུལ་སྐྱོར་གྱི་སྤུས་རྟགས་གཏོད་པར་རྒྱབ་སྐྱོར་བྱེད་པ་སོགས་རེད།
འབྲེལ་ཡོད་གསར་འགྱུར།