དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ལོ་8རིང་ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་བག་ལ་ཞ་བའི་ལོ་རྒྱུས་སླར་ཡང་མངོན་པར་བྱས་པ།

    གནའ་རྫས་སྔོག་འདོན་གཏིང་ཟབ་བྱེད། ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     རྩོམ་པ་པོ།   ཧྲེན་ཞའོ་ཞའོ།   |     སྤེལ་དུས།  2026-03-23

    འདི་ནི་གནའ་རྫས་རྟོག་ཞིབ་པས་ཨེ་ཅིབ་ཀྱི་ལུའུ་ཁེ་སོ་མོང་ཐུའུ་ལྷ་ཁང་གི་རྗེས་ཤུལ་ཁུལ་དུ་ཧྲེང་ཧུའུ་སྐྲུན་དངོས་ཀྱི་རྗེས་ཤུལ་ལ་ལྟ་སྐོར་བྱེད་བཞིན་པ།

    སྔ་དྲོའི་ཆུ་ཚོད་9པ་ཡོལ་ཙམ་ལ། ཨེ་ཅིབ་ཀྱི་ལུའུ་ཁེ་སོ་མོང་ཐུའུ་ལྷ་ཁང་ཀྲུང་ཨེའི་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་བྱ་ཡུལ་དུ་བྱེ་རླུང་འུར་འུར་དུ་ལྡང་། འདི་ལོ་ནི་ཀྲུང་ཨེ་ལུའུ་ཁེ་སོ་མོང་ཐུའུ་ལྷ་ཁང་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག(གཤམ་དུ“ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག”ཅེས་བསྡུ་རྒྱུ)གིས་དེ་གར་ལས་ཀ་བྱས་ནས་ལོ་བརྒྱད་སོང་བའི་ལོ་རེད། ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་ཁང་དང་ཨེ་ཅིབ་ཀྱི་ཡུལ་སྐོར་དང་རིག་དངོས་པུའུ་ཡིས་མཉམ་དུ་བཙུགས་པའི་གནའ་རྫས་རྟོག་ཞིབ་རུ་ཁག་དེས་འདི་གར་ས་རྒྱ་སྨི་ངོས་གྲུ་2300ཙམ་བརྒྱུད་རིམ་ལྡན་པའི་སྒོ་ནས་བསྔོགས་པར་རིག་དངོས་རྩ་ཆེན་མང་པོ་རྙེད་ཅིང་། མོང་ཐུའུ་ལྷ་ཁང་དང་འབྲེལ་བའི་ལོ་རྒྱུས་ཀྱི་ཡོལ་བའང་རིམ་བཞིན་ཕྱེ་ཡོད། གནའ་རྫས་རྟོག་ཞིབ་དེ་ཀྲུང་གོ་དང་ཨེ་ཅིབ་ཀྱི་ཤེས་དཔལ་ཕན་ཚུན་དཔྱད་གཞིར་འཛིན་པའི་མཚོན་ཚུལ་གསོན་ཉམས་དོད་པོ་ཞིག་ཏུ་གྱུར་ཅིང་།“གནའ་རྫས་རྟོག་ཞིབ་ཀྱི་མཉམ་ལས་དམ་ཟབ་བྱེད་རིང་ང་ཚོ་དང་ཀྲུང་གོའི་གནའ་རྫས་རྟོག་ཞིབ་རུ་ཁག་དབར་ལ་རིག་གནས་ཐད་ངོས་འཛིན་གཅིག་མཐུན་མང་པོ་བྱུང”ཞེས་མོང་ཐུའུ་ལྷ་ཁང་གི་སྤྱི་ཁྱབ་ལྟ་ཞིབ་པ་ཧན་ཏེ·ཨ་ལིས་མྱོང་ཚོར་ཟབ་མོས་བརྗོད།

    “རྒྱལ་ཁབ་གཉིས་པོའི་ཤེས་དཔལ་སྤེལ་རེས་དང་དཔྱད་གཞིར་འཛིན་པའི་མིག་དཔེ”

    གནའ་སྔ་མོར་ཏི་པེ་སི་རུ་འབོད་པའི་ལུའུ་ཁེ་སོ་ནི་ཨེ་ཅིབ་ཀྱི་ལྷོ་རྒྱུད་དུ་ཡོད་པའི་གནའ་གྲོང་ཞིག་ཡིན་པ་དང་། “འཛམ་གླིང་ཐོག་གི་ཐོག་མེད་རྟེན་མཛོད་ཁང་ཆེ་ཤོས”ཞེས་བསྔགས་ཀྱི་ཡོད། ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་སྔོག་འདོན་རྟོག་ཞིབ་བྱེད་སའི་མོང་ཐུའུ་ལྷ་ཁང་ནི་ལུའུ་ཁེ་སོ་ས་ཁུལ་གྱི་སྐད་གྲགས་ཤིན་ཏུ་ཆེ་བའི་ཁ་ནར་ཁེ་ལྷ་ཁང་ཁྱུ་ཚོགས་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད།

    ཟླ་1ཚེས་24ཉིན་ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གིས་མོང་ཐུའུ་ལྷ་ཁང་གནའ་ཤུལ་ཁུལ་ནས་བཀོད་པ་ཁ་གསལ་བ་དང་ཉར་ཚགས་ཡག་པོ་བྱུང་བའི་ཧྲེང་ཧུའུ་ཞེས་པའི་སྐྲུན་དངོས་རྗེས་ཤུལ་སྔོག་འདྲུ་ཐུབ་པའི་སྐོར་ཁྱབ་བསྒྲགས་བྱས་པ་རེད། ཧྲེང་ཧུའུ་མཚེའུ་ཞེས་པའི་སྐྲུན་དངོས་དེ་ནི་གནའ་བོའི་མིས་བཟོས་ཆུ་རྫིང་ཞིག་ཡིན་པ་དང་ས་བཟུང་རྒྱ་ཁྱོན་སྨི་ངོས་གྲུ་50ལྷག་ཙམ་ཟིན་ཡོད། དེ་དང་དེ་གོང་ཤེས་རྟོགས་བྱུང་བའི་མོང་ཐུའུ་ལྷ་ཁང་གི་ཧྲེང་ཧུའུ་གཉིས་ལས་མོང་ཐུའུ་ལྷ་ཁང་གི་ལྕགས་རིའི་ནང་གི་ལྷོ་བྱང་གཉིས་སུ་ཧྲེང་ཧུའུ་བསྐྲུན་པའི་བཀོད་པ་དམིགས་བསལ་ཞིག་གྲུབ་པས། “ཧྲེང་ཧུའུ་བྱང་མ”ཞེས་ཀྱང་བརྗོད་ཀྱི་ཡོད།

    “དེ་ནི་ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་རིག་པའི་ལོ་རྒྱུས་ཐོག་གི་བརྒྱུད་རིམ་ལྡན་ལ་ཚན་རིག་དང་མཐུན་པའི་སྒོ་ནས་བསྔོགས་པའི་ཧྲེང་ཧུའུ་གཅིག་པུ་དེ་རེད་ལ། གནའ་བོའི་ཨེ་ཅིབ་ཀྱི་ཧྲེང་ཧུའུ་ལ་ཞིབ་འཇུག་བྱེད་པར་རྩ་ཆེའི་མ་དཔེ་དང་མཐོང་ཐོས་མྱོང་གྲུབ་ཀྱི་དཔྱད་གཞི་མཁོ་འདོན་བྱས་ཡོད། ཧྲེང་ཧུའུ་ནི་གནའ་བོའི་ཨེ་ཅིབ་ཀྱི་ལྷ་ཁང་ཁྲོད་ཀྱི་གྲུབ་ཆ་གལ་ཆེན་ཞིག་རེད། དེ་ནི་བླ་ན་མེད་པའི་ཆུ་འགོར་བརྩི་བ་དང་ལྷ་ཁང་ནང་ཁུལ་གྱི་མཛད་སྒོ་ཚོགས་པར་ཆེད་མངགས་སྤྱོད་ཀྱི་ཡོད། ལྷ་ཁང་ཁུལ་གཅིག་ནས་ཧྲེང་ཧུའུ་གཉིས་ཤེས་རྟོགས་བྱུང་བ་དེ་ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་ལོ་རྒྱུས་ཐོག་ཐེངས་དང་པོ་རེད”ཅེས་ཀྲུང་ཨེ་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་རུ་ཁག་གི་ཀྲུང་གོ་ཕྱོགས་ཀྱི་སྤྱི་ཁྱབ་འགན་འཁུར་བ་ཅ་ཞའོ་པིང་གིས་བརྗོད།

    “ཀྲུང་གོའི་ལག་རྩལ་གྱིས་འགག་རྩའི་ནུས་པ་ཐོན་པ”

    “དཀའ་ངལ་དང་འགྲན་སློང་མཉམ་དུ་གནས་པའི་དུས་སུ་དཔུང་པ་མཉམ་གཤིབ་ངང་མདུན་སྐྱོད་བྱས་པའི་ཉམས་མྱོང་དེ་ནི་ཧ་ཅང་རྩ་ཆེན་ཞིག་ཡིན། དོན་དངོས་ཀྱི་ལས་ཀའི་ཁྲོད་ཀྲུང་གོ་ཕྱོགས་ཀྱིས་བཏོན་པའི་ལག་རྩལ་གྱི་ཇུས་གཞི་མང་པོ་ལས་མི་རྣམས་ལ་བག་ཆགས་ཟབ་མོ་བྱུང་ཡོད་ལ། ཚོགས་པར་རྙོག་འཛིང་ཆེ་བའི་དཀའ་གནད་མི་ཉུང་བ་ཞིག་སེལ་རོགས་ཀྱང་བྱས་ཡོད”ཅེས་ལོ་མང་རིང་གི་ཚོགས་པའི་མཉམ་ལས་སྐོར་གླེང་སྐབས་ཨེ་ཅིབ་ཕྱོགས་ཀྱི་གནའ་རྫས་རྟོག་ཞིབ་རུ་མི་ཨའེ་ཧ་མའེ་ཏེ·ཧ་སང་གིས་བརྗོད།

    ཧྲེང་ཧུའུ་ལྷོ་མ་སྔོག་འདྲུ་བྱས་པར་དཔེ་བཞག་ན། གནའ་རྫས་རྟོག་ཞིབ་ས་ཁོངས་ཀྱི་ས་གཤིས་ཆ་རྐྱེན་རྙོག་འཛིང་ཆེ་བ་དང་ས་འོག་ཆུ་ཡི་འགྱུར་ལྡོག་དཔོག་དཀའ་བས། སྔོག་འདྲུའི་ལས་ཀར་འགྲན་སློང་མི་ཉུང་བ་ཞིག་འཕྲད་ཡོད། གལ་ཏེ་རྒྱུན་གཏན་གྱི་ཆུ་འཐེན་སྟངས་ལྟར་བྱས་ན་ལག་རྩལ་གྱི་དཀའ་ཚད་ཆེ་བ་མ་ཟད། ད་དུང་མཐའ་འཁོར་གྱི་རྗེས་ཤུལ་ལ་ཟློག་ཏུ་མེད་པའི་གཏོར་བཤིག་ཀྱང་ཕོག་སྲིད། ཇི་ལྟར་ས་རྐོ་རྡོ་སློག་མ་བྱས་པའི་གནས་ཚུལ་འོག་ཧྲེང་ཧུའུ་ཡི་བཀོད་པ་འཚོལ་ཞིབ་བྱ་རྒྱུ་དེ་གནའ་རྫས་རྟོག་ཞིབ་ལས་དོན་ལ་སྐུལ་འདེད་གཏོང་བའི་འགག་རྩར་གྱུར་ཡོད། དེར་བརྟེན་ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་ཀྲུང་གོའི་ཁྱད་ཆོས་ལྡན་པའི་གནའ་རྫས་རྟོག་ཞིབ་ཀྱི“ལག་ཆ་ཡག་པོ”སྟེ། ལུའོ་དབྱང་ཁྱེམ་ནང་འདྲེན་བྱས་ཤིང་། ཧྲེང་ཧུའུ་ཡི་ཁུལ་ཁོངས་སུ་ས་ཚིགས་བཀོད་སྒྲིག་སྙོམས་པོ་དང་ཐད་དཔྱང་གཏིང་རྟོག་བྱས་པ་བརྒྱུད། ཧྲེང་ཧུའུ་ཡི་གཏིང་ཚད་དང་མཐིལ་ངོས་ཀྱི་གྲུབ་ཆ་གྲུབ་འབྲས་ཐོབ་པའི་ངང་འཚོལ་ཞིབ་ཐུབ་སྟེ། དེའི་གཞི་ཁྱོན་དང་བྱེད་ནུས་སོགས་ཞིབ་འཇུག་བྱེད་པར་འགག་རྩའི་གཞི་འཛིན་ས་མཁོ་འདོན་བྱུང་ཡོད།“ཐབས་ཤེས་འདི་རིགས་སྤྱད་པས་རྗེས་ཤུལ་གྱི་ཆ་ཚང་རང་བཞིན་ལ་སྲུང་སྐྱོབ་ནུས་ལྡན་ཐུབ་ཡོད”ཅེས་ཧ་སང་གིས་བརྗོད།

    ཨ་ལིས། ལོ་མང་རིང་མཉམ་དུ་ལས་ཀ་བྱས་པ་བརྒྱུད་ཨེ་ཀྲུང་གཉིས་བར་དུ་ཕན་འབྲས་ཆེ་བའི་རོགས་ལས་ཀྱི་ཚོགས་པ་ཞིག་གྲུབ་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་ཀྱི་ཚོགས་པས་གནའ་རྫས་རྟོག་ཞིབ་རྗེས་ཤུལ་སྲུང་སྐྱོང་དང་ཚན་རིག་ཞིབ་འཇུག་ཁྱབ་ཁོངས་སུ་ཆེད་ལས་ཀྱི་ནུས་པ་ཏན་ཏིག་མངོན་པར་བྱས་ཡོད། སླད་ཕྱིན་སྤེལ་རེས་དང་མཉམ་ལས་སྔར་བས་གཏིང་ཟབ་ཏུ་བཏང་ནས་ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་ལས་དོན་གྱི་ཚན་རིག་རང་བཞིན་དང་ལས་ཕྱོད་ཆེ་རུ་གཏོང་རྒྱུའི་རེ་བ་ཡོད”ཅེས་ཨ་ལིས་བརྗོད།

    “མིའི་རིགས་ཀྱི་ལས་དབང་ལ་བཅངས་པའི་ཐུན་མོང་གི་འགན་འཁྲི་འཁུར་སེམས་ཆེ་རུ་ཕྱིན་པ”

    ན་ནིང་གི་ཟླ་9པར་ཧ་སང་དང་ཨེ་ཅིབ་ཀྱི་གནའ་རྫས་རྟོག་ཞིབ་པ་ཁ་ཤས་ཀྱིས་ཀྲུང་གོའི་པེ་ཅིང་དང་། ཤིས་ཨན། ལུའོ་དབྱང་སོགས་ལ་འཚམས་འདྲི་བྱས་ཡོད། “ཀྲུང་གོར་སྐྱོད་ཐེངས་དེ་ལས་ཨེ་ཅིབ་དང་ཀྲུང་གོའི་ཤེས་དཔལ་ཐད་མཐུན་ཆ་མང་པོ་ཡོད་པ་དངོས་སུ་ཚོར་བྱུང་། ཀྲུང་གོའི་འདྲ་གཟུགས་ཡི་གེ་དང་གནའ་བོའི་ཨེ་ཅིབ་ཀྱི་ཡི་གེ་ཚང་མ་རང་བྱུང་ཁམས་གཞིར་བྱས་ནས་བྱུང་བ་དང་། བྱ་དངོས་ཐམས་ཅད་ཀྱི་རྣམ་པ་ཡི་གེའི་གཟུགས་སུ་བྲིས་པ་ཡིན། ཤེས་དཔལ་གཉིས་དབར་ལེ་དབར་ཁྲི་ཕྲག་ཆོད་ཀྱང་མིའི་རིགས་ཀྱིས་རང་བྱུང་ཁམས་ལ་ལྟ་ཞིབ་དང་དེ་མཚོན་པར་བྱེད་པའི་ཐད་ཡུལ་དུས་ལས་བརྒལ་བའི་མ་གྲོས་གཅིག་མཐུན་བྱུང་ཡོད”ཅེས་ཧ་སང་གིས་མྱོང་བ་ཟབ་མོས་བརྗོད།

    གནའ་རྫས་སྔོག་འདོན་རྟོག་ཞིབ་ནས་འཚམས་འདྲི་རྟོག་ཞིབ་བར། ཀྲུང་ཨེ་ཚོགས་པའི་སྤེལ་རེས་དང་ཕན་ཚུན་དཔྱད་གཞིར་འཛིན་པའི་འདུན་པ་དེ་བས་ཆེ་རུ་ཕྱིན་ཡོད།

    ཉེ་བའི་ལོ་ཤས་རིང་། ཀྲུང་གོའི་གནའ་རྫས་རྟོག་ཞིབ་ཚོགས་པ་དེ་བས་མང་པོ་ཨེ་ཅིབ་ཏུ་བསྐྱོད་དེ། མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱི་རྣམ་གྲངས་ལ་ཞུགས་ཤིང་། གནའ་ཤུལ་གལ་ཆེན་རབ་དང་རིམ་པ་སྔོག་འདོན་དང་ཞིབ་འཇུག་བྱས་པར་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་ཡོད། ཅ་ཞའོ་པིང་གིས་མཉམ་འབྲེལ་གནའ་རྫས་རྟོག་ཞིབ་ཀྱིས་མིའི་རིགས་ཀྱི་སྤྱི་ཚོགས་འཕེལ་རྒྱས་ཀྱི་བརྒྱུད་རིམ་གསལ་སྟོན་བྱེད་པ་དང་དོན་དངོས་ཁྲོད་མི་ཆོས་རིག་གནས་སྤེལ་རེས་ཟབ་ཏུ་བཏང་སྟེ། ཕན་ཚུན་སློབ་སྦྱོང་དང་དཔྱད་གཞིར་འཛིན་པའི་ཁྲོད་དེ་བས་མཛེས་སྡུག་ལྡན་པའི་འབྱུང་འགྱུར་གྱི་ཕྱོགས་སུ་མཉམ་དུ་སྐྱོད་ཐུབ་ངེས་ཡིན་པའི་ངོས་འཛིན་བྱེད་ཀྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།