ཀྲུང་གོའི་འཐུས་མིས་ཕྱོགས་ཁག་ལ་ཐུན་མོང་ཐོག་འབད་བརྩོན་བྱས་ནས་ཨ་ཧྥུ་ཀ་ནི་སི་ཐན་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་པའི་རེ་འབོད་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་མཉམ་འབྲེལ་རྒྱལ་ཚོགས་ནས་གློག་འཕྲིན་འབྱོར་གསལ། ཉིན་ཤས་གོང་། མཉམ་འབྲེལ་རྒྱལ་ཚོགས་སུ་རྒྱུན་སྡོད་ཀྲུང་གོའི་འཐུས་མི་ཧྥུའུ་ཚུང་གིས། ཨ་ཧྥུ་ཀ་ནི་སི་ཐན་གནད་དོན་སྐོར་གྱི་བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱི་ཡོངས་བསྒྲགས་ཚོགས་འདུའི་ཐོག་གཏམ་བཤད་སྤེལ་ནས། ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དང་འབྲེལ་ཡོད་ཕྱོགས་ཁག་གིས་ཐུན་མོང་ཐོག་འབད་བརྩོན་བྱས་ཏེ་ཨ་ཧྥུ་ཀ་ནི་སི་ཐན་བརྟན་ལྷིང་དང་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་ནས་རྒྱལ་སྤྱིའི་སྤྱི་ཚོགས་ཁྲོད་སྔ་ཙམ་མཉམ་འདྲེས་བྱེད་རྒྱུའི་རེ་འབོད་བྱས་པ་རེད།
ཧྥུའུ་ཚུང་གིས་བརྗོད་དོན། མིག་སྔར་ཨ་ཧྥུ་ཀ་ནི་སི་ཐན་ལ་མི་ཆོས་དང་། འཕེལ་རྒྱས། འཇིགས་སྐུལ་ལ་ངོ་རྒོལ། འགྲོ་བ་མིའི་ཐོབ་ཐང་སོགས་ཀྱི་འགྲན་སློང་མང་པོ་འཕྲད་ཡོད་ལ། དམངས་འཚོ་ལེགས་སུ་གཏོང་རྒྱུ་ནི་ཁ་ཚ་དགོས་གཏུགས་ཤིག་རེད། བློ་ཕམ་པ་ཞིག་ལ། རྒྱལ་ཁབ་ཁག་གཅིག་གིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་སྐྱོར་བྱེད་ཚད་ཉུང་དུ་ཤུགས་ཆེན་བཏང་བ་དང་། ཐ་ན་མཚམས་འཇོག་བྱས་པར་བརྟེན་ན་ནིང་མཉམ་འབྲེལ་རྒྱལ་ཚོགས་དང་རྒྱལ་སྤྱིའི་མི་ཆོས་སྒྲིག་གཞིའི་རོགས་སྐྱོབ་རྣམ་གྲངས་འབོར་ཆེན་ཞིག་མཚམས་འཇོག་དགོས་བྱུང་ཞིང་། འབྲུ་རིགས་བདེ་འཇགས་དང་། སྤྱི་པའི་འཕྲོད་བསྟེན། བྱིས་པ་དང་། སྦྲུམ་མ། ཕྲུ་གུ་སྐྱེ་མ་ཐག་པའི་སྐྱེད་མ་བཅས་ཀྱི་འཚོ་བཅུད་མི་འདང་བ་སོགས་ཀྱི་གནད་དོན་དེ་བས་མངོན་གསལ་དོད་དུ་སོང་ཡོད། ཀྲུང་གོ་ཕྱོགས་ཀྱིས་སྲོལ་རྒྱུན་གྱི་རོགས་སྐྱོར་བྱེད་མཁན་ཕྱོགས་དང་ལྷག་པར་དུ་ཨ་ཧྥུ་ཀ་ནི་སི་ཐན་ལ་ལོ་རྒྱུས་ཀྱི་འགན་འཁྲི་འཁུར་མཁན་རྒྱལ་ཁབ་ཀྱིས་འཕྲལ་མར་རོགས་སྐྱོར་དང་མ་དངུལ་གཏོང་ཚད་སླར་གསོ་བྱེད་པ་དང་འབྲེལ། མང་དུ་བཏང་ནས་ཨ་ཧྥུ་ཀ་ནི་སི་ཐན་གྱི་མི་དམངས་ལ་དོ་ཁུར་བྱེད་ལུགས་དོན་ཐོག་ཏུ་འཁྱོལ་བར་བྱེད་དགོས་པའི་རེ་འབོད་བྱས་པ་རེད།
ཧྥུའུ་ཚུང་གིས་བརྗོད་དོན། ཉེ་བའི་ལོ་ཤས་རིང་། ཨ་ཧྥུ་ཀ་ནི་སི་ཐན་གྱི་བུ་མོ་ཚོས་ལོ་རིམ་དྲུག་པ་ཡན་གྱི་དེང་རབས་སློབ་གསོ་དང་ལེན་བྱེད་ཐབས་བྲལ་བ་དང་། བུད་མེད་ཀྱི་ལས་ཞུགས་དང་། སྨན་བཅོས། སྤྱི་པའི་ཞབས་ཞུ་དང་ལེན། སྤྱི་ཚོགས་འཚོ་བའི་ནང་ཞུགས་པ་སོགས་ཀྱི་གཞི་རྩའི་ཁེ་དབང་ལ་ཉིན་བཞིན་ཚོད་འཛིན་ཕོག་གི་ཡོད། རྒྱལ་ཁོངས་ཨ་ཧྥུ་ཀ་ནི་སི་ཐན་ནས་ཡིན་པའི་མཉམ་འབྲེལ་རྒྱལ་ཚོགས་ཀྱི་བུད་མེད་ལས་མི་རྣམས་དུས་ཡུན་རིང་བོར་ལས་གནས་སུ་ལོག་ནས་འགན་འཁྲི་སྒྲུབ་ཐབས་བྲལ་བས། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་ལ་རོགས་རམ་བྱེད་པའི་ཕན་འབྲས་ལ་ཐད་ཀར་ཤུགས་རྐྱེན་ཐེབས་ཀྱི་ཡོད། ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་གིས་བཀག་རྒྱ་གང་མགྱོགས་མེད་པར་བཟོས་ནས་མཉམ་འབྲེལ་རྒྱལ་ཚོགས་ཀྱི་སྒྲིག་གཞིས་ཨ་ཧྥུ་ཀ་ནི་སི་ཐན་དུ་ལས་དོན་སྤེལ་བར་སྟབས་བདེ་སྐྲུན་དགོས།
ཧྥུའུ་ཚུང་གིས་ནན་བཤད་བྱས་དོན། ཨ་ཧྥུ་ཀ་ནི་སི་ཐན་ལ་འཕྲད་པའི་འགྲན་སློང་མང་པོར་ཁ་གཏད་གཅོག་པར་རྒྱལ་སྤྱིའི་སྤྱི་ཚོགས་དང་ཨ་ཧྥུ་ཀ་ནི་སི་ཐན་སྲིད་གཞུང་དབར་འབྲེལ་གཏུག་དང་གླེང་མོལ་རྒྱུན་འཁྱོངས་བྱས་ཏེ། སེམས་བཟང་དང་ལྷག་བསམ་བཅངས་ནས་ཕན་ཚུན་གྱིས་དོ་ཁུར་བྱེད་པའི་གནད་དོན་ཐག་གཅོད་བྱ་ཐབས་ནུས་ལྡན་འཚོལ་དགོས། བདེ་འཇགས་ལས་འཛིན་ལྷན་ཚོགས་ཀྱིས་དུས་བབ་ཀྱི་དགོས་མཁོ་དང་བསྟུན་ནས་འབྲེལ་གཏུག་དང་གླེང་མོལ་བྱེད་པར་དགོས་ངེས་ཀྱི་སྟབས་བདེ་སྐྲུན་དགོས། ཀྲུང་གོ་ཕྱོགས་ཀྱིས་ཨ་ཧྥུ་ཀ་ནི་སི་ཐན་གྱི་གནད་དོན་ཆབ་སྲིད་ཐོག་ནས་ཐག་གཅོད་དང་ཨ་ཧྥུ་ཀ་ནི་སི་ཐན་གྱི་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་བར་དགེ་མཚན་ལྡན་པའི་ནུས་པ་འདོན་རྒྱུ་ཡིན།
འབྲེལ་ཡོད་གསར་འགྱུར།