འགྲིམ་འགྲུལ་དྲ་བ་ཚགས་དམ་པས། གྲོང་གསེབ་དར་རྒྱས་ལམ་བུ་ཡངས།
—— བོད་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ལ་སྐུལ་འདེད་ཏན་ཏིག་བཏང་བ།

འདི་ནི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣ་དཀར་རྩེ་རྫོང་ཕུ་མ་བྱང་ཐང་ཤང་གི་གྲོང་གསེབ་གཞུང་ལམ་ཡིན་པ། (བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་ནས་མཁོ་འདོན་བྱས)

འདི་ནི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་བཞད་མཐོང་སྨོན་རྫོང་གི་གྲོང་གསེབ་འགྲུལ་སྐྱེལ་ས་ཚིགས་ཡིན་པ། (བོད་ལྗོངས་འགྲིམ་འགྲུལ་སྐྱེལ་འདྲེན་ཐིང་གིས་མཁོ་འདོན་བྱས)
2025ལོར་བོད་ལྗོངས་ཀྱིས“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། སྲུང་སྐྱོང་ཡག་པོ། གཉེར་སྐྱོང་ཡག་པོ་བཅས་བྱ་རྒྱུ་དོན་ཐོག་ཏུ་འཁྱོལ་བར་བྱས་ཏེ། འགྲིམ་འགྲུལ་སྔོན་ལ་འཕེལ་རྒྱས་བཏང་ཐོག་གྲོང་གསེབ་དར་རྒྱས་ཀྱི་རྨང་གཞི་བརྟན་དུ་དང་དམངས་འཚོའི་བདེ་རྩ་ཟབ་ཏུ་བཏང་ནས། གྲོང་གསེབ་ཀྱི་གཞུང་ལམ་དག་དམངས་སེམས་སྦྲེལ་མཐུད་དང་། ཐོན་ལས་ལ་སྐུལ་ཁྲིད། འཕེལ་རྒྱས་ལ་སྐུལ་འདེད་བཅས་ཀྱི“བདེ་སྐྱིད་ལམ་བུར”འགྱུར་བ་བྱས་ཡོད།
ལམ་དྲ་སྣུར་སྲིང་བྱས་ནས་དམངས་འཚོའི་བདེ་ལམ་བཏོད་པ།
བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་འཕྱོངས་རྒྱས་རྫོང་ལྷ་ཡུལ་ཤང་ཆང་ཁྱིམ་གྲོང་ཚོའི་འགྱུར་ལྡོག་སྐོར་གླེང་སྐབས། ལོ་78ལ་སླེབས་པའི་ཡུལ་མི་རིག་འཛིན་ལ་མྱོང་ཚོར་ཟབ་མོ་ཡོད་ཅིང་། ཁོང་གིས“དེ་སྔ་གྲོང་ཚོའི་ནང་འགྲིམ་འགྲུལ་སྟབས་བདེ་མེད་པ་དང་འགྲོ་ལམ་གུ་དོག་ལ་ཐལ་རྡུལ་འཚུབ་མང་བས་ཁོར་ཡུག་ཡག་པོ་མེད། ད་ཆ་གྲོང་ཚོར་ཡུལ་སྐོར་གཞུང་ལམ་བསྐྲུན་པ་དང་ལམ་བུ་རྒྱ་ཆེ་ལ་ཁོད་སྙོམས་པས་འགྲོ་སྐྱོད་ཧ་ཅང་སྟབས་བདེ་པོ་ཡོད་སྟབས། གྲོང་ཚོར་ཡུལ་སྐོར་དུ་ཡོང་མཁན་མང་དུ་ཕྱིན་ནས་ང་ཚོའི་འཚོ་བ་ཡང་ཡག་ཏུ་ཕྱིན་ཡོད”ཅེས་བརྗོད།
ཆང་ཁྱིམ་གྲོང་ཚོའི་འགྱུར་ལྡོག་ནི་ལྗོངས་ཡོངས་ཀྱི“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུ”འཛུགས་སྐྲུན་ཕན་འབྲས་ཀྱི་གསོན་ཉམས་དོད་པའི་བསྡུས་རིས་ཤིག་རེད། 2025ལོར་ལྗོངས་ཡོངས་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་གྱི་ཞན་ཆ་སེལ་བ་དང་། སྤུས་ཚད་མཐོ་རུ་གཏོང་བ། ཁྱབ་རྒྱ་ཆེ་རུ་གཏོང་བ་བཅས་ལ་སྤྱི་འདོམས་སྐུལ་འདེད་བཏང་ནས། ལོ་ཧྲིལ་པོར་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོ་167ལ་ཨར་འདམ་ལམ་འདིང་བའི་རྣམ་གྲངས་ལག་ལེན་བསྟར་བར་ཤང་གྲོང་10དང་སྒྲིག་ཚུད་གྲོང་ཚོ་231ལ་ཨར་འདམ་ལམ་ཤར་གཏོང་ཐུབ་མེད་པའི་དཀའ་གནད་བསལ་བ་དང་མ་དངུལ་སྒོར་དུང་ཕྱུར་204.77བཏང་བ་རེད། གཞུང་ལམ་རེ་རེ་བཞིན་ཤར་གཏོང་དང་སྣུར་སྲིང་ཐུབ་པ་དང་སྦྲགས། བོད་ལྗོངས་ཀྱི་གྲོང་གསེབ་གཞུང་ལམ་དྲ་བ་ཡང་ཉིན་བཞིན་འཐུས་སྒོ་ཚང་དུ་སོང་ཡོད། 2025ལོའི་ལོ་མཇུག་བར། བོད་ལྗོངས་ཡོངས་ཀྱི་ཤང་གྲོང་729དང་སྒྲིག་ཚུད་གྲོང་ཚོ་5226ལ་ཨར་འདམ་ལམ་ཤར་གཏོང་ཐུབ་པ་དང་། ཆ་རྐྱེན་འཛོམས་པའི་ཤང་གྲོང་དང་སྒྲིག་ཚུད་གྲོང་ཚོར་འགྲོ་ལམ་ཤར་གཏོང་ཐུབ་ཚད་100%དང་92.48%སོ་སོར་ཟིན་ནས། བོད་ལྗོངས་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་ཤར་གཏོང་ནུས་པ་རྒྱུན་མཐུད་ངང་ཆེ་རུ་ཕྱིན་ཡོད།
བདག་སྐྱོང་གི་ཕན་འབྲས་ཆེ་རུ་བཏང་ནས་བདེ་འཇགས་ཀྱི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་བ།
བོད་ལྗོངས་ཀྱི“ལམ་དཔོན་ལམ་ལུགས”ཀྱི་ཚོད་ལྟའི་གྲོང་ཁྱེར་དང་པོ་ཡིན་པའི་ཆབ་མདོ་གྲོང་ཁྱེར་གྱིས་གྲངས་འཛིན་ཅན་གྱི་སྒྱུར་བཅོས་ལ་བརྟེན་ནས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་ལ་མཐུན་རྐྱེན་སྦྱར་ཏེ“ཡག་པོ་བཞིའི་གྲོང་གསེབ་ཀྱི་ལམ་བུའི”རིག་ལྡན་ལྟ་འདོམས་མ་ལག་བསྐྲུན་པ་དང“རྫོང་དང་། ཤང་། གྲོང་ཚོ་བཅས་རིམ་གསུམ་ལམ་དཔོན་དང་གྲོང་གསེབ་ཀྱི་གཞུང་ལམ་སྐོར་ཞིབ་པ་ཟུང་དུ་འབྲེལ་བའི”མ་ལག་ཁྱབ་གདལ་བཏང་བ་རེད། གཞན་ཡང་། ཆབ་མདོ་གྲོང་ཁྱེར་གྱིས་རིམ་གསུམ་ལམ་དཔོན་གྱི་ཆ་འཕྲིན་ཡོངས་བསྒྲགས་ལམ་ལུགས་ཁྱབ་གདལ་བཏང་ནས། གཞུང་ལམ་ལམ་རྒྱུད་དུ་རྩ་གཉིས་ཨང་རྟགས་ཀྱི་ལམ་དཔོན་ཡོངས་བསྒྲགས་བྱང་བུ་བཙུགས་པ་དང་བདག་སྐྱོང་གི་འགན་འཁྲི་དང་ལྟ་སྐུལ་ཐབས་ལམ་ཡོངས་བསྒྲགས་བྱས་པ་བརྒྱུད། སྤྱི་ཚོགས་ཅན་གྱི་ལྟ་འདོམས་མངོན་འགྱུར་བྱུང་སྟེ། ས་མཐོའི་གྲོང་གསེབ་ཀྱི་གཞུང་ལམ“ལག་ཐོགས་ཁ་པར་གྱི་སྐོར་ཞིབ་དང་། རིག་ལྡན་བདག་སྐྱོང་། ཕུགས་ཕན་མཉམ་བཅོས”བཅས་ཀྱི་རྣམ་པ་གསར་པའི་ཕྱོགས་སུ་བསྐྱོད་རྒྱུར་སྐུལ་འདེད་བཏང་ཡོད།
བོད་ལྗོངས་ཆབ་མདོ་གྲོང་ཁྱེར་གྱི་གསར་གཏོད་ལག་ལེན་ནི་བོད་ཀྱིས་གྲོང་གསེབ་ཀྱི་གཞུང་ལམ་བདག་སྐྱོང་གི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་བའི་གསོན་ཉམས་དོད་པའི་མཚོན་ཚུལ་ཞིག་རེད། གཞུང་ལམ་བདག་སྐྱོང་གི་ཕན་ནུས་རྒྱུན་མཐུད་ཆེ་རུ་བཏང་བ་དང་ཆབས་ཅིག བོད་ལྗོངས་ཡོངས་ཀྱིས་གཞུང་ལམ་འཛུགས་སྐྲུན་དང་དམངས་འཚོའི་བདེ་རྩ་ཟུང་འབྲེལ་དམ་ཟབ་བྱ་རྒྱུ་མཐའ་འཁྱོངས་ཀྱིས་འཚོ་རྟེན་ལས་སྤྲོད་ཁྱབ་གདལ་ཤུགས་ཆེན་བཏང་ནས། ཞིང་འབྲོག་མང་ཚོགས་གྲོང་གསེབ་ཀྱི་གཞུང་ལམ་འཛུགས་སྐྲུན་དང་། བདག་སྐྱོང་། གཉེར་སྐྱོང་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོར་ཞུགས་རྒྱུར་ཁྲིད་སྟོན་བྱས་ཡོད། 2025ལོར་བོད་ལྗོངས་ཡོངས་སུ་ཞིང་འབྲོག་མང་ཚོགས་ཁྲི་6ལྷག་ཙམ་དང་སློབ་ཆེན་སློབ་མ་245ལས་ཞུགས་ཐུབ་སྟེ་ཞིང་འབྲོག་མང་ཚོགས་ལ་འབབ་འཕར་སྒོར་ཁྲི་16ལྷག་ཙམ་ཡོང་བར་སྐུལ་ཁྲིད་བྱས་པས་གྲོང་གསེབ་གཞུང་ལམ་གྱི་དམངས་ཕན་ཕན་འབྲས་རྒྱུན་ཆད་མེད་པར་མངོན་གསལ་དོད་དུ་ཕྱིན་ཡོད།
དེ་དང་ཆབས་ཅིག གྲོང་གསེབ་གཞུང་ལམ་གྱི་བདེ་འཇགས་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་ཕྱིན་པ་དང་ཉེན་ཡོད་ཟམ་པ་སྒྱུར་བཀོད་དང་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་ལས་གྲྭ་འཛུགས་སྐྲུན་ལ་རྒྱུན་མཐུད་སྐུལ་འདེད་བཏང་ཡོད། 2025ལོའི་ལོ་མཇུག་བར། བོད་ལྗོངས་ཡོངས་སུ་རིམ་རྩིས་བརྒྱབ་ན་གྲོང་གསེབ་གཞུང་ལམ་གྱི་ཉེན་ཡོད་ཟམ་པ་དང་ཟམ་པ་རྙིང་པ་170ལ་སྒྱུར་བཀོད་བྱས་པ་དང་ཚེ་སྲོག་བདེ་འཇགས་ཀྱི་འགོག་སྲུང་ལས་གྲྭ་སྤྱི་ལེ་1624.76ལེགས་གྲུབ་ཟིན་པའི་ནང་གྲོང་ཚོའི་གཞུང་ལམ་གྱི་བདེ་འཇགས་འགོག་སྲུང་ལས་གྲྭ་སྤྱི་ལེ་748.83ཟིན་ཡོད་པ་རེད།
གཉེར་སྐྱོང་སྤུས་ཚད་མཐོ་རུ་བཏང་ནས་ཐོན་ལས་ཀྱི་སྒུལ་ནུས་འཕེལ་བར་བྱས་པ།
ཆ་སྙོམས་ས་བབ་སྨི་4700ཟིན་པའི་བོད་ལྗོངས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་དུ་རྒྱལ་ལམ་219དང་འབྲེལ་མཐུད་དང་སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་བར་ཤར་གཏོང་ཐུབ་པའི་ཨར་འདམ་ལམ་ཞིག་ཡོད་པ་དེས་མང་ཚོགས་ཕྱིར་སྐྱོད་ལ་སྟབས་བདེ་བསྐྲུན་པ་མ་ཟད། གམ་པའི་ལུག་སོགས་ཁྱད་ལྡན་ཐོན་རྫས་གྲོང་གསེབ་ཀྱི་ཟོག་འགྲུལ“མྱུར་ལམ”ལ་བརྟེན་པར་འགག་རྩའི་བགྲོད་ལམ་དེ་བས་ཤར་གཏོང་ཐུབ་ཡོད།
འགྲིམ་འགྲུལ་སྟབས་བདེ་ཡོད་པ་དེས་མཉམ་ལས་ཁང་གི་གསོ་ཚགས་ཐོན་ལས་རྒྱུན་ཆད་མེད་པར་སྟོབས་ཆེར་འགྲོ་བར་སྐུལ་ཁྲིད་དང་བྲིན་ཚོང་ཐབས་ལམ་རྒྱུན་ཆད་མེད་པར་རྒྱ་ཆེར་ཕྱིན་ནས། ཆེད་གཏོང་རླངས་འཁོར་གྱིས་སྡེབ་སྐྱེལ་དང་། ཟོག་འགྲུལ་སྦྲག་བསྐུར། ཚོང་འགྲུལ་གྱིས་སྒོ་རྩར་ཉོ་སྒྲུབ་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད། སྤུས་ལེགས་ལུག་ཤ་བོད་ལྗོངས་ཕྱི་ནང་གི་ཁྲོམ་རར་རྒྱུན་ཆད་མེད་པར་འཚོང་ཐུབ་པར་བྱས་ཡོད།
“མངགས་ཐོ་འབོར་ཆེན་འབྱོར་རྗེས། ང་ཚོའི་མཉམ་ལས་ཁང་གིས་ཐད་ཀར་ཆེད་གཏོང་རླངས་འཁོར་བཀོད་སྒྲིག་བྱས་ཏེ་གསོ་ཚགས་ར་བ་ནས་ལྷ་ས་གྲོང་ཁྱེར་བར་ཉིན་གཅིག་ལས་འགོར་གྱི་མེད་པ་དང་། སིལ་ཚོང་ཡང་སྦྲག་སྲིད་མྱུར་སྐྱེལ་བརྒྱུད་ས་གནས་ཁག་ཏུ་བསྐུར་ཐུབ་པས། སྟབས་ཧ་ཅང་བདེ་པོ་འདུག”ཅེས་གཞིས་རྩེ་གྲོང་ཁྱེར་གམ་པ་རྫོང་གམ་པ་གྲོང་རྡལ་སྨོན་སྡེ་གྲོང་ཚོའི་ལུག་གསོ་ཚགས་ཆེད་ལས་མཉམ་ལས་ཁང་གི་འགན་འཁུར་བས་བརྗོད།
ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་རྫོང་དང་ཤང་གི་འགྲུལ་སྐྱེལ་ས་ཚིགས་དང་གྲོང་གསེབ་ཀྱི་འགྲུལ་སྐྱེལ་ལམ་ཐིག་ལ་བརྟེན་ནས། གྲོང་གསེབ་ཀྱི་སྐྱེལ་འདྲེན་ཞབས་ཞུ་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། འགྲུལ་བཞུད་ལས་ཕྱོད་དང་ཟོག་འགྲུལ་འགན་ལེན་ནུས་པ་རྒྱུན་ཆད་མེད་པར་ཆེ་རུ་བཏང་ཡོད། 2025ལོའི་ལོ་མཇུག་བར། བོད་ལྗོངས་སྟོད་ལུང་བདེ་ཆེན་ཆུས་དང་། ལྷུན་གྲུབ་རྫོང་། སྣེ་གདོང་ཆུས། འཕྱོངས་རྒྱས་རྫོང་སོགས་རྫོང་དང་ཆུས་38ཀྱིས་གྲོང་གསེབ་ཀྱི་འགྲུལ་ཟོག་སྦྲག་བསྐུར་མཉམ་འདྲེས་ལམ་ཐིག་97ཤར་གཏོང་བྱས་ཏེ་གྲོང་གསེབ་ཀྱི་སྐྱེལ་འདྲེན་ཞབས་ཞུའི“མཐའ་མའི་འགག་གནད”ནུས་ལྡན་ངང་བསལ་ཡོད།
འཛུགས་སྐྲུན་ཡག་པོ་དང་། དོ་དམ་ཡག་པོ། བདག་སྐྱོང་ཡག་པོ་བཅས་ནས་གཉེར་སྐྱོང་ཡག་པོ་བྱེད་པའི་བར། བོད་ཀྱི“ཡག་པོ་བཞིའི་གྲོང་གསེབ་ལམ་བུར”མི་རིགས་ཁག་གི་མང་ཚོགས་ཀྱི་རེ་སྒུག་དང་ཕུགས་འདུན་གཅིག་སྡུད་ཀྱིས་གྲོང་གསེབ་ཕྱོགས་ཡོངས་ནས་དར་རྒྱས་གཏོང་བའི་ཡངས་ཤིང་རྒྱ་ཆེ་བའི་བགྲོད་ལམ་ཐོག་གོམ་སྟབས་བརྟན་པོས་མདུན་སྐྱོད་བྱེད་བཞིན་མཆིས།
(བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བ་གཞིར་བཟུང)
འབྲེལ་ཡོད་གསར་འགྱུར།