རྨ་ལྷོས“དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་གྱི་2026ལོའི་དཔྱིད་དུས་རིག་གནས་ཡུལ་སྐོར་གྱི་རིམ་སྤེལ་བྱེད་སྒོ་སྤེལ་འགོ་ཚུགས་པ།
མཚོ་སྔོན་ཉིན་རེའི་ཚཌ་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། ཉེ་ཆར། རྨ་ལྷོ་བོད་རིགས་རང་སྐྱོང་ཀྲོའུ་ཡིས་2026ལོའི་དཔྱིད་དུས་རིག་གནས་ཡུལ་སྐོར་འགོ་འཛུགས་པའི་བཀོད་སྒྲིག་ཚོགས་འདུ་འཚོགས་ཤིང་། དཔྱིད་དུས་རིག་གནས་ཡུལ་སྐོར་སླར་གསོ་བྱེད་པའི་དུས་ཚོད་ཡག་ཤོས་ལ་དམ་འཛིན་བྱེད་པ་དང་། “ནུབ་ཡུལ་དཔལ་གྱི་གནས་མཆོག·ངོ་མཚར་སྟོང་གི་རྨ་ལྷོ”ཞེས་པའི་སྤུས་རྟགས་ཀྱི་ངེས་གནས་ལ་དམ་པོར་དམིགས་པ། “དྭངས་གཙང་རྨ་ཆུའི”ཡུལ་སྐོར་ཁུལ་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་བཅས་བྱ་ཆེད། ས་གནས་དེ་གས་བྱེད་སྒོ་དེ་ལས་སྟེགས་སུ་བྱས་ཏེ་དཔྱིད་དུས་ཀྱི་རིག་གནས་ཡུལ་སྐོར་ཐོན་ལས་ལ་འགོ་འཛུགས་བཀྲ་ཤིས་ཡོང་བར་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་ནས། རིག་གནས་ཡུལ་སྐོར་གྱི་སྐད་གྲགས་ཆོད་ཚད་དང་ཤུགས་རྐྱེན་ཐེབས་ཤུགས་སྔར་བས་ཆེ་རུ་བཏང་བ་རེད།
བྱེད་སྒོ་དེས་སྤུས་རྟགས་གཏོད་པ་དང་རིག་གནས་ཡུལ་སྐོར་གྱི་ཚ་རླབས་འཕྱུར་བར་དམིགས་ཏེ། “ཀྲོའུ་དང་གྲོང་ཁྱེར(རྫོང)མཉམ་འགུལ་དང་ས་ཆ་མང་པོས་ལག་བསྟར་བྱེད་པའི”བྱེད་ཐབས་སྤྱད་ཅིང་། རེབ་གོང་གྲོང་ཁྱེར་དང་། གཅན་ཚ་རྫོང་། རྩེ་ཁོག་རྫོང་། རྨ་ལྷོ་སོག་རིགས་རང་སྐྱོང་རྫོང་བཅས་ཀྱིས་དུས་གཅིག་ཏུ་ཡན་ལག་ཚོགས་ར་བཙུགས་པ། ས་གནས་ས་ཐོག་ཏུ་ཁྱད་ལྡན་ཞིང་འབྲོག་ཐོན་རྫས་འགྲེམས་ཚོང་ཁུལ་བཙུགས་པ་བཅས་བྱས་ནས། རྒྱ་ཆེའི་ཡུལ་སྐོར་བར་རྨ་ལྷོའི་ས་མཐོའི་བརྗིད་ཆགས་མཛེས་སྡུག་ལྡན་པའི་ཡུལ་ལྗོངས་དང་ཁྱད་ལྡན་ཡུལ་སྲོལ་གོམས་གཤིས་ཉམས་ལེན་བྱེད་དུ་བཅུག་པ་རེད། དུས་མཚུངས་སུ་རིག་གནས་ཡུལ་སྐོར་ལམ་ཐིག་རིམ་སྤོར་ལ་དམིགས་པ་དང་རྫོང་བཞིའི་ཐོན་ཁུངས་ཀྱི་ཁྱད་ཆོས་དང་སྤུས་རྟགས་ཀྱི་ཁྱད་ཆོས་ཟུང་འབྲེལ་བྱས་ཏེ“རྫོང་རེར་སྣ་ཁ་རེ་དང་གནས་ཚིགས་མཐུད་སྦྲེལ”གྱི་སྤུས་ལེགས་རིག་གནས་ཡུལ་སྐོར་ལམ་ཐིག་མ་ལག་ནུས་ཤུགས་ཡོད་རྒུས་བཙུགས་ཡོད། དེའི་ནང་རེབ་གོང་གྲོང་ཁྱེར་གྱིས“ཨ་མྱེས་བྱ་ཁྱུང་ཤ་རི་བོ”སྐོར་བའི་མི་ཆོས་རིག་གནས་མཛེས་ལྗོངས་ལམ་ཐིག་གཙོ་གནད་ཐོག་བཏོད་དེ། རེབ་གོང་གི་ཐང་ག་དང་འཚེམ་དྲུབ་ཐང་ག་སོགས་མཉམ་འདྲེས་གཏིང་ཟབ་བྱས་ནས་རིག་གནས་རྒྱུན་འཛིན་གསར་གཏོད་དང་རིག་གནས་ཡུལ་སྐོར་མཉམ་འདྲེས་ལ་སྐུལ་འདེད་བཏང་བ་དང་། གཅན་ཚ་རྫོང་གིས་ཁམས་ར་ས་གཤིས་མཛེས་ལྗོངས་དང་། བདེ་སྐྱིད་དང་ཀླེ་གཞུག་མཛེས་ལྗོངས་ཁུལ་འབྲེལ་མཐུད་བྱས་ཏེ་རྨ་ཆུའི་དྭངས་ཤིང་གཙང་བའི་སྐྱེ་ཁམས་དང་མི་ཆོས་རིག་གནས་ཀྱི་ནང་དོན་ཕྱོགས་ཡོངས་ནས་མངོན་པར་བྱས་པ། རྩེ་ཁོག་རྫོང་གིས“ཨ་མྱེས་མཚོ་རྒན”དུ་རྐང་ཐང་མར་སྐྱོད་པའི་ལམ་ཐིག་ལྟེ་བར་བྱས་ཏེ་ས་མཐོའི་འདམ་ར་དང་གདོད་མའི་སྐྱེ་ཁམས་ཀྱི་མཛེས་སྡུག་མངོན་པར་བྱས་པ། རྨ་ལྷོ་རྫོང་གིས“ཇི་གན་རི་བོ”སྐོར་བ་དང་རྨ་ཆུའི་རིག་གནས་ལམ་ཐིག་ལ་དམ་པོར་དམིགས་ཏེ་རྩྭ་ཐང་དང་རྨ་ཆུའི་དམིགས་བསལ་མཛེས་ལྗོངས་མངོན་པར་བྱས་ནས། རྨ་ལྷོའི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་རྣམ་པ་གསར་པ་གཏོད་རྒྱུར་རམ་འདེགས་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།