དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • དཀའ་སྤྱད་བགྱི་བ་ཁུར་དུ་བླངས། མཐའ་མཚམས་སྒོ་མོ་བརྟན་པོར་བསྲུངས།

    —— ས་བབ་སྨི་4772ཟིན་པའི་ལེགས་རྩེ་འགག་སྒོ་བརྟན་པོར་བསྲུངས་པའི་སྐོར་བཀོད་པ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།    |     སྤེལ་དུས།  2026-03-23

    ས་བབ་སྨི་4772ཟིན་པའི་ལེགས་རྩེ་འགག་སྒོར་གསོ་རླུང་ཧ་ཅང་དཀོན་པས། མཁའ་རླུང་ནང་གསོ་རླུང་འདུས་ཚད་ནི་ནང་སའི་ཕྱེད་ཀ་ཡང་ཟིན་གྱི་མེད། དགུན་ཁར་དེ་གའི་དྲོད་ཚད་ཀླད་ཀོར་འོག་གི་ཧྲེ་ཧྲི་ཏུའུ་20ལ་སླེབས་ཤིང་། ཁ་བ་བུ་ཡུག་འཚུབ་པ་དང་བསྟུན་ནས་འཛིན་མའི་ཁྱོན་ཡངས་པོར་ཁ་བའི་གོས་བཟང་བཀླུབས་ནས་དངུལ་མདོག་གི་འཇིག་རྟེན་ཞིག་ཏུ་གྱུར་པ་དང་། དེའི་ཁྲོད་ཉམས་དགའ་ཤོས་ནི་ཁ་བ་བུ་ཡུག་ཁྲོད་འགྱིང་ངེར་གནས་པའི་འགག་སྒོའི་རྒྱལ་སྒོ་དེ་རེད། ལྷ་ས་འགག་སྒོའི་ཁོངས་སུ་གཏོགས་པའི་གཞིས་རྩེ་འགག་སྒོའི་ལས་དོན་པ་ཚོས་དཀའ་ངལ་ཁྱད་དུ་བསད་ནས་དྲག་ཏུ་འཚུབ་པའི་ཁ་བ་བུ་ཡུག་དང་གྲང་ངར་ཆེ་བའི་གནམ་གཤིས་ལ་མ་འཛེམས་པར་ཉིན་མ་གཅིག་ལྟར་ལས་གནས་བརྟན་པོར་སྲུང་བཞིན“མི་དམངས་ཀྱི་འགག་སྒོས་མི་དམངས་ལ་ཞབས་འདེགས་ཞུ་བའི”དམ་བཅའ་ལག་བསྟར་བྱེད་བཞིན་ཡོད་པ་རེད།

    ཞོགས་པར། དྲོད་འཇམ་ཉི་འོད་དལ་གྱིས་ཤར་རིའི་རྩེ་མོ་ནས་འཛིན་མའི་ཁྱོན་དུ་འཕྲོ་བ་དང་ལྷན་དུ་རྒྱལ་སྒོ་ག་ལེར་འབྱེད་བཞིན་ཡོད་པ་དང་། རྒྱང་དུ་བལྟས་ཚེ། ཁ་བས་བཀླུབས་པའི་ས་གཞི་ཡངས་པོའི་དབུས་ནས་དངོས་ཟོག་བྱུར་བུར་བླུགས་པའི་ཟོག་འདྲེན་རླངས་འཁོར་མང་པོ་དལ་བུར་ཡོང་བཞིན་མཆིས། གཞིས་རྩེ་འགག་སྒོ་ལྟ་འདོམས་ཁོའོ་ཡི་ཁོའོ་ཀྲང་གཞོན་པ་ཀྲང་ཡུས་ཧྭ་དང་ལས་རོགས་ཚོས་དྲོད་སྲུང་གྱོན་ཆས་གྱོན་ནས་རུས་ཟུག་རྒྱག་པའི་གྲང་རླུང་ལ་མ་འཛེམས་པར་འཕྲལ་མར་མདུན་དུ་བསྐྱོད་དེ་ཐོ་དེབ་བཏོན་པ་དང་སྦྲགས། དངོས་ཟོག་རེ་རེ་བཞིན་ཞིབ་པར་བཤེར་ནས་ཟིན་ཐོར་འགོད་པར་བྲེལ། ཁོང་ཚོའི་ལག་ཟུང་འཁྱགས་ནས་དམར་སྨུག་ཏུ་གྱུར་ལ་ཟེ་མར་ཡང་འཁྱགས་པ་ཐེབས་ནས་དཀར་པོར་གྱུར། འོན་ཀྱང་། ཁོང་ཚོས་དེ་དག་ལ་སྣང་བ་སྤུ་ཙམ་ཡང་མི་གཏོང་བར་སྔར་བཞིན་རང་འཁྲིའི་ལས་ལ་ཧུར་བརྩོན་ཆེན་པོས་གཞོལ་བཞིན་ཡོད་པ་རེད།

    “འཛིན་ཤོག་བཤེར་ཟིན། བཏང་ན་ཆོག་པ་འདུག” ཅེས་པའི་འཕྲལ་ཐག་ཆོད་པའི་བཀའ་རྒྱ་དེ་ཁ་བ་བུ་ཡུག་ཁྲོད་དུ་གསལ་ལེར་གྲགས་པ་དང་། འདི་ནི་ཀྲང་ཡུས་ཧྭ་ཡིས་དེ་ཉིན་རྒྱལ་སྒོ་ནས་རླངས་འཁོར་གློད་ཐེངས་བཅོ་བརྒྱད་པ་དེ་རེད། བོད་ཀྱི་ས་བབ་མཐོ་ཤོས་དང་འཛུགས་ཕྱི་ཤོས་ཀྱི་སྐམ་སའི་འགག་སྒོ་ཡིན་པའི་ལེགས་རྩེ་འགག་སྒོའི་ལྷོ་ངོས་ནི་ནེ་པ་ལའི་གློ་སྨོན་ཐང་རྫོང་ཡིན་ཞིང་། དེ་ནི་ཧི་མ་ལ་ཡའི་མཐའ་འཁོར་གྱི་དཔལ་འབྱོར་མཉམ་ལས་ཁུལ་གྱི་ལྟེ་བའི་ཁུལ་ཞིག་རེད་ལ། ཀྲུང་གོ་དང་ནེ་པ་ལའི་དཔལ་འབྱོར་ཚོང་དོན་འགྲོ་འོང་དང་མི་ཆོས་རིག་གནས་སྤེལ་རེས་ཀྱི་འབྲེལ་ཟམ་གལ་ཆེན་ཞིག་ཀྱང་རེད།

    ས་བབ་མཐོ་བ་དང་། རླུང་གནོན་དམའ་བ། གནམ་གཤིས་ཞན་པ་བཅས་ནི་དེ་སྔ་ལེགས་རྩེ་འགག་སྒོའི་ལས་ཕྱོད་དམའ་པོར་གྱུར་པའི་རྐྱེན་ཞིག་རེད། དེས་ན། གཞིས་རྩེ་འགག་སྒོ་ལས་ཁུངས་ཀྱིས་ཡུལ་བབ་དང་བསྟུན་ནས“སྐམ་སའི་འགག་སྒོ་རེ་ཞུ་དང་། ཁོངས་གཏོགས་ཁུལ་ནས་ཞིབ་བཤེར། འགག་སྒོ་ནས་ཤར་གཏོང་ཐུབ་པ”བཅས་ཀྱི་བྱེད་སྟངས་བཏོན་པ་དང་། གཞིས་རྩེ་རྒྱལ་སྤྱིའི་སྐམ་སའི་འགག་སྒོར་བརྟེན་ནས“འགག་སྒོ་གཅིག་གིས་འགག་སྒོ་མང་པོར་མཉམ་འགུལ”བྱེད་པའི་འཕེལ་རྒྱས་ཀྱི་རྣམ་པ་བཏོད་པས། “འགག་སྒྲོལ་རེ་ཞུ་ཐེངས་གཅིག་དང་། ཞིབ་བཤེར་ཐེངས་གཅིག དོས་སྒམ་གཅིག་ལ་ཞིབ་བཤེར་བྱས་ན་འཐུས་པ”བཅས་ཀྱི་ལས་སྒྲུབ་བྱེད་སྟངས་མངོན་འགྱུར་བྱུང་ནས་དངོས་ཟོག་འགག་སྒྲོལ་ཐུབ་ཚད་མངོན་གསལ་དོད་པོས་མགྱོགས་སུ་ཕྱིན་ཡོད་པ་རེད།

    འགག་སྒྲོལ་གྱི་ས་ཡུལ་དངོས་སུ། སྔོན་ཐོན་གྱི་H986གི་ཞིབ་བཤེར་སྒྲིག་ཆས་ནི་གངས་ལྗོངས་ས་མཐོའི“རྣམ་དཔྱོད་ཀྱི་མིག་ཟུང་”དང་འདྲ་བར་འགག་སྒྲོལ་གྱི་ལས་ཕྱོད་ཆེན་པོ་ཡོང་བར་གཡས་གཞོགས་གཡོན་འདེགས་ཀྱི་ནུས་པ་ཐོན་བཞིན་ཡོད་པ་སྟེ། སྔོན་ཆད་ཇི་བཞིན་ཟོག་འདྲེན་རླངས་འཁོར་བཀག་ནས་དངོས་ཟོག་འབེབས་མི་དགོས་པར་རླངས་འཁོར་དལ་བུར་བསྐྱོད་ཚེ་དངོས་ཟོག་ལ་བཤར་འབེབས་ཞིབ་བཤེར་ཐུབ་ཀྱི་ཡོད་ཅིང་། སྒྲིག་ཆས་མ་ལག་གིས་རང་འགུལ་ངང་དངོས་ཟོག་གི་ཆ་འཕྲིན་ཡོངས་ལ་ཞིབ་བཤེར་ཐུབ་ཀྱི་ཡོད་པས། ཞིབ་བཤེར་གྱི་ལས་རིམ་ཚང་མར་སྐར་ཆ་བཅུ་ཙམ་ལས་འགོར་གྱི་མེད། ཀྲང་ཡུས་ཧྭ་ཡིས། དྲ་ཐོག་ནས་རེ་ཞུ་དང་ཞིབ་དཔྱད་སོགས་ཀྱི་ཞབས་འདེགས་ཞུ་སྟངས་ཕྱོགས་ཡོངས་ནས་ཁྱབ་གདལ་བཏང་བ་དེས། ཁ་ལོ་བས་ས་གནས་ས་ཐོག་ཏུ་དངོས་ཟོག་གི་སྤ་སེ་སྟོན་དགོས་མེད་པར་ལག་ཐོགས་ཁ་པར་ནས་འདུན་ཞུ་དང་འཚོལ་བཤེར་སོགས་ཚང་མ་བྱེད་ཐུབ་པས། འགག་སྒོ་སྒྲོལ་བར་སྟབས་བདེ་ཆེན་པོ་བྱུང་ཡོད་ཅེས་ངོ་སྤྲོད་བྱས།

    ད་ཆའི་ལེགས་རྩེ་འགག་སྒོ་ནི་དངོས་ཟོག་འགག་སྒོ་སྒྲོལ་བའི་འགག་གནད་ཅིག་ཏུ་གྱུར་ཡོད་པ་མ་ཟད། མཐའ་དར་དང་དམངས་ཕྱུག་གི་འཕེལ་རྒྱས་ལས་སྟེགས་ཤིག་ཏུའང་གྱུར་ཡོད། འགག་སྒོའི་མཐའ་འཁོར་གྱི་ཡུལ་མི་ཚོ་མཐའ་མཚམས་ཀྱི་དངོས་ཟོག་སྐྱེལ་འདྲེན་ནང་ཞུགས་པ་དང་ཚོང་ཁང་བཙུགས་པ་སོགས་བརྒྱུད། འགག་སྒོའི་འཕེལ་རྒྱས་ཀྱི་ཁེ་སྤོགས་མཉམ་དུ་ལོངས་སུ་སྤྱོད་རྒྱུ་བྱུང་བས། དེ་སྔའི“ཚྭ་ལུག་གནའ་ལམ”དེ་ཉིད་ཀྲུང་གོ་དང་ནེ་པ་ལའི་མཉམ་ལས་ཀྱི“གསེར་ཟམ”ཞིག་ཏུ་གྱུར་ཡོད། ལེགས་རྩེ་འགག་སྒོ་ཤར་གཏོང་ཐུབ་ནས་ལོ་གཉིས་སོང་རིང་། གཞིས་རྩེ་འགག་སྒོས་ཟོག་གོང་སྒོར་དུང་ཕྱུར་7.25ཙམ་རི་བའི་ཕྱིར་གཏོང་ནང་འདྲེན་གྱི་དངོས་ཟོག་ཏུན་11767.87ལ་ལྟ་འདོམས་བྱས་ཡོད་པ་རེད།

    ས་སྲོད་ཀྱི་མཚམས་སུ། རྒྱལ་སྒྲོལ་ཟོག་འདྲེན་རླངས་འཁོར་མཇུག་ཤོས་དེ་དལ་བུར་རྒྱལ་སྒོ་ནས་ནེ་པ་ལའི་ཕྱོགས་སུ་བསྐྱོད་པ་དང་། འགག་སྒོའི་ལས་དོན་པ་ཚོའང་ཉིན་གཅིག་གི་ཞིབ་བཤེར་གྱི་ལས་མཇུག་བསྒྲིལ་ནས་ཁ་བ་བུ་ཡུག་ཁྲོད་དུ་གཞུང་ལས་ཁང་དུ་ལོག་སྟེ། གྲངས་གཞི་ལེགས་སྒྲིག་དང་ཡང་བསྐྱར་ཞིབ་བཤེར་བྱས་ནས་ཉིན་གཉིས་པའི་འགག་སྒོ་སྒྲོལ་བའི་ལས་དོན་ལ་གྲ་སྒྲིག་ཨང་གསར་བྱས། གློག་མིག་གི་བརྙན་ཤེལ་དུ་རྒྱལ་ལམ་G219དང་ཀྲུང་ནེའི་མཐའ་མཚམས་ཀྱི་འགྲོ་ལམ་གཅིག་ཏུ་སྦྲེལ་བ་འཆར་བཞིན་ཡོད་པ་དེ་དངུལ་མདོག་གི་དར་སྐུད་རིང་མོ་ཞིག་གངས་ལྗོངས་ས་མཐོའི་མུ་ལ་མུ་ཁྱུད་ཀྱི་རི་ཚོགས་དབུས་སུ་བསྲིངས་པ་དང་ཀུན་ནས་མཚུངས་ཤིང་། དེས་རྒྱུན་ཆད་མེད་པའི་ཟོག་འགྲུལ་དང་རི་ཆུ་བརྒལ་བའི་བརྩེ་སེམས་ལ་དཔང་པོ་བྱེད་བཞིན་མཆིས།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།