ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་འཕེལ་བ།
ད་ལོའི་ཟླ་བ་དང་པོ་དང་གཉིས་པར“བོད་རྟགས་ཅན”གྱི་ཐོན་རྫས་ཕྱིར་གཏོང་བྱེད་ཚད་དུས་མཚུངས་ལས་25.1%འཕར་བ།
གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་དང་གཉིས་པར། བོད་ལྗོངས་ས་མཐོའི་ཁྱད་ལྡན་ཐོན་རྫས་ཕྱིར་གཏོང་བྱེད་ཚད་སྒོར་ཁྲི་1186ཟིན་པ་དེ་དུས་མཚུངས་ལས་25.1%འཕར་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ཀྱི་གསོན་ཤུགས་རྒྱུན་མཐུད་ངང་འཕེལ་བ་རེད།
བོད་ལྗོངས་མྱང་གཞུང་ཞིང་ལས་ཐོན་རྫས་གསར་སྤེལ་ཚད་ཡོད་འགན་འཁྲི་ཀུང་སིའི་འགན་ཁུར་བས“ཕྱིར་གཏོང་བརྒྱུད་རིམ་ལ་གཏན་ནས་རྒྱུས་མངའ་མེད་པ་ནས་རླངས་འཁོར་བདེ་བླག་ངང་ཤར་གཏོང་ཐུབ་པའི་བར་འགག་སྒོ་ལས་ཁུངས་ཀྱི་ལས་དོན་པས་ང་ཚོར་ཤེས་བྱའི་བདག་དབང་འགག་སྒོར་ཐོ་འགོད་བྱ་རྒྱུའི་མཛུབ་ཁྲིད་བྱས་ཏེ་བརྒྱུད་རིམ་ཧྲིལ་པོར་རོགས་རམ་བྱས་བྱུང་། སླད་ཕྱིན་ང་ཚོས‘མྱང་གཞུང་ཕིང’གི་ཁྱད་ལྡན་སྤུས་རྟགས་དེ་སྔར་བས་སྟོབས་ཆེར་བཏང་ནས་ཕྱི་རྒྱལ་ཁྲོམ་རར་ཕྱིར་གཏོང་བྱེད་ཀྱི་ཡིན”ཞེས་བཤད། ཁོང་གི་རྒྱབ་ཏུ་བཟོ་པ་ཚོས་སྒམ་ཆུང་ནང་བླུགས་ཟིན་པའི་སྲན་མའི་ཕིང་ཟོག་འཁོར་ནང་བླུགས་པ་དང་ལྗིད་ཚད་ལ་ཆན་ཁེ་1350ཡོད་པའི་རྣམ་གླིང་རྫོང་གི་ཁྱད་ལྡན་ཞིང་ལས་ཐོན་རྫས་ཕྱིར་གཏོང་ཐོག་མར་བྱ་རྒྱུ་རེད།
ལེ་དབར་བརྒྱའི་སར་ཡོད་པའི་ཉིང་ཁྲིར་མེ་ཏོག་རྣམ་པར་བཞད་ཅིང་། ཡུལ་མི་ཚེ་རིང་ཚེ་དབང་གིས་སྦྲང་ནོར་བུར་ལྟོ་ཆས་ཁ་གསབ་ཞིབ་ཚགས་ཀྱིས་དཔྱིད་ཀ་སྦྲང་རྩི་གསོག་པར་གྲ་སྒྲིག་གང་ལེགས་བྱེད་བཞིན་ཡོད། བོད་ལྗོངས་ཧྲན་ཀྲེང་སྦྲང་ནོར་བུའི་ཐོན་ལས་ཚན་རྩལ་གསར་སྤེལ་ཚད་ཡོད་ཀུང་སིས་བསྡུས་པའི་ས་གནས་དེ་གའི་ཡུལ་མི་ཞིག་ཡིན་པའི་ངོས་ནས། “འདི་གར་ལས་ཀ་བྱས་ཚེ་ནང་མི་དང་མཉམ་དུ་སྡོད་རྒྱུ་ཡོད་པ་མ་ཟད། ད་དུང་སྦྲང་ནོར་བུ་གསོ་བའི་ལག་རྩལ་སྦྱངས་ནས་ཡོང་འབབ་གསོག་ཐུབ་ཀྱི་འདུག”ཅེས་པའི་ཁོང་གི་བབ་ཆགས་པའི་སྐད་ཆ་དེ་ལས་ཁྱིམ་གྱི་སྒོ་རྩར་ལས་ཞུགས་ཐུབ་པ་དང་ཡོང་འབབ་གསོག་ཐུབ་པའི་དགའ་སྤྲོ་དང་བློ་ཡིད་ཚིམ་པ་མངོན་གྱི་འདུག
ཉིང་ཁྲིའི་སྦྲང་རྩི་རི་ཁུལ་ནས་ཤང་ཀང་དུ་བཏང་བ་དང་། ས་མཐོའི་བལ་དང་ཁུ་ལུ་གང་སར་སྐད་གྲགས་ཆོད་དེ་ཨེ་ཤེ་ཡ་ལྷོ་མར་བྲིན་ཁ་རྒྱུག་པ། འཁྱགས་རོམ་གཏེར་ཆུ་ཕྱི་རྒྱལ་དུ་བཙོངས་པ་སོགས་དེ་སྔའི“རི་ཁུལ་དུ་ཡོད་པའི་གཞན་གྱིས་ཤེས་རྟོགས་མི་ཐུབ་པའི”ས་མཐོའི་ཁྱད་ལྡན་ཐོན་རྫས་ཁག་མང་པོ་དེ་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ཁྲོམ་རའི་ཐོག་སྐྱོད་བཞིན་ཡོད་པ་རེད།
ས་མཐོའི་ཁྱད་ལྡན་ཐོན་རྫས་གཅིག་རྗེས་གཉིས་མཐུད་ངང“ཕྱིར་གཏོང་བྱས་པ”ནི་བོད་ཀྱི་སྐྱེ་ཁམས་ལེགས་ཆ་དང་ཐོན་ཁུངས་ལེགས་ཆ་དག་དཔལ་འབྱོར་ལེགས་ཆར་བསྒྱུར་བའི་གསོན་ཉམས་དོད་པའི་ལག་ལེན་ཞིག་རེད། ལྷ་ས་འགག་སྒོ་ལས་ཁུངས་ཀྱི་ཕྱོགས་བསྡུས་ལས་སྒོ་ཁྲུའུ་དང་པོའི་ཁྲུའུ་ཀྲང་བསྟན་འཛིན་གྱིས“ང་ཚོས་འགག་སྒོའི་ཚོད་ལྟ་ཁང་གི་ཚན་ཞིབ་དང་ཞིབ་དཔྱད་ལེགས་ཆ་མུ་མཐུད་བཏོན་ནས་བོད་ཀྱི་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་ལ་ཚན་རིག་དང་མཐུན་པའི་གཞི་འཛིན་ས་དང་ལག་རྩལ་གྱི་འགན་ལེན་བྱས་ཏེ་ས་མཐོའི་ཁྱད་ལྡན་ཐོན་རྫས་དེ་བས་མང་བ་ཕྱིར་གཏོང་ཐུབ་པ་བྱེད་ཀྱི་ཡིན”ཞེས་བཤད།
འབྲེལ་ཡོད་གསར་འགྱུར།