ཀྲུང་དབྱང་ནོར་སྲིད་ཀྱི་སྲིད་ཇུས་ཁག་16བརྟན་པོའི་ངང་ལག་ལེན་བསྟར་བ་དང་ཐད་ཀའི་ཁ་གསབ་མང་པོ་ཞིག་དུད་ཚང་དུ་དོན་འཁྱོལ་བྱ་རྒྱུ་ཡིན་པ།
ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་ཁ་གསབ་ལེན་ཆོག་པ།
རྒྱ་ཆེའི་ཞིང་པ་དང་། ཞིང་ལས་ཐོན་སྐྱེད་གཉེར་སྐྱོང་བྱེད་པོ། དེ་བཞིན་སྤྱི་ཚོགས་ལས་རིགས་ཁག་བཅས་ཀྱིས་ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་བཅས་གསུམ་གྱི་སྲིད་ཇུས་ཤེས་རྟོགས་བྱེད་པར་སྟབས་བདེ་སྐྲུན་ཆེད། ཉེ་ཆར་ཞིང་ལས་གྲོང་གསེབ་པུས་2026ལོའི་ཀྲུང་དབྱང་ནོར་སྲིད་ཀྱི་ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་གསུམ་གྱི་སྲིད་ཇུས་ཀྱི་གསལ་ཐོ་ཁྱབ་བསྒྲགས་བྱས་པ་མ་ཟད། སྲིད་ཇུས་ཁག་ཚང་མའི་རྗེས་ལ་ཁ་གསབ་རྒྱབ་སྐྱོར་གྱི་ཁྱབ་ཁོངས་དང་བྱ་ཡུལ་བཀོད་ཡོད་པ་རེད།
གསལ་ཐོར་བརྟན་པོའི་ངང་ལག་ལེན་བསྟར་བའི་ཞིང་རྒྱས་ཞིང་སྐྱོང་ཞིང་ཕྱུག་བཅས་གསུམ་གྱི་སྲིད་ཇུས་ཁག་16ཚུད་ཡོད་པ་སྟེ། རྨོ་ཞིང་གི་ས་བཅུད་སྲུང་སྐྱོང་ཁ་གསབ་དང་། ཞིང་འཕྲུལ་ཉོ་བ་དང་དེ་བཞིན་བེད་སྤྱོད་ཁ་གསབ། གྲོའི“གཏོར་གཅིག་འགོག་གསུམ”གྱི་ཁ་གསབ། སྲན་ཆེན་དང་མ་རྨོས་ལོ་ཏོག་གི་ཐག་དབྱིབས་འདྲེས་སྦྱོར་འདེབས་འཛུགས་ཀྱི་ཁ་གསབ། མ་རྨོས་ལོ་ཏོག་དང་སྲན་ཆེན་ཐོན་སྐྱེད་པའི་ཁ་གསབ། ཤུན་ལྡན་འབྲས་ཀྱི་ཁ་གསབ། སྐོར་འདེབས་བསྙལ་ཞིང་གི་ཁ་གསབ། ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ། སོན་བཟང་དང་ཐབས་བཟང་གི་ལག་རྩལ་ཁྱབ་གདལ་གྱི་ཁ་གསབ། བཙན་ཤེད་ཀྱིས་གསོད་པའི་ཁ་གསབ། ཉ་གྲུ་དང་དེ་བཞིན་གྲུ་སྟེང་གི་སྒྲིག་བཀོད་དང་སྒྲིག་ཆས་གསར་བརྗེས་སྒྱུར་བཀོད་ཀྱི་ཁ་གསབ། ཉ་ལས་ཐོན་ཁུངས་ཀྱི་བདག་སྐྱོང་ཁ་གསབ། ཉ་པར་ཉ་གྲུ་ཉུང་གཏོང་དང་ཐོན་སྐྱེད་གཞན་སྒྱུར་གྱི་ཁ་གསབ། རྩྭ་ཐང་གི་ཕྱུགས་བཀག་ཁ་གསབ་དང་རྩྭ་ཕྱུགས་དོ་སྙོམས་ཀྱི་བྱ་དགའ། ཞིང་ལས་འགན་བཅོལ་དང་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ། ཞིང་ཆེན་སྒྲོལ་བའི་ལས་ཞུགས་འགྲིམ་འགྲུལ་གྱི་ཁ་གསབ། སྦྲང་ཆར་འཆར་གཞི་བཅས་རེད།
ཞིང་ལས་སྤྱི་ཚོགས་ཅན་གྱི་ཞབས་ཞུའི་ཁ་གསབ་ཐད། མ་དངུལ་རིགས་ཁག་གི་ཞབས་ཞུའི་བྱེད་པོར་གཙོ་གནད་དུ་རྒྱབ་སྐྱོར་བྱས་ནས་ཞིང་དུད་ཆུང་ངུར་ཆེད་ལས་ཅན་དང་སྟབས་བདེ་ཅན་གྱི་ཞབས་འདེགས་ཞུ་བའི་ཐད་སྤྱོད་རྒྱུ་ཡིན་པ་རེད།
ཞིང་ལས་འགན་བཅོལ་དང་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ་ཐད། འདེབས་འཛུགས་དང་། གསོ་སྤེལ། ནགས་ཚལ་བཅས་རིགས་ཆེ་གྲས་གསུམ་གྱི་ཞིང་ལས་ཐོན་རྫས་འབོར་ཆེན་16ལ་ཞིང་ལས་འགན་བཅོལ་དང་འགན་བཅོལ་ཞུ་གྲོན་གྱི་ཁ་གསབ་མུ་མཐུད་བྱ་རྒྱུ་རེད།
ཞིང་ཆེན་སྒྲོལ་བའི་ལས་ཞུགས་འགྲིམ་འགྲུལ་གྱི་ཁ་གསབ་ཐད། མ་དངུལ་ཁ་གསབ་བྱ་ཡུལ་ཕྱིར་གླ་པར་སྐྱོད་པའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པའི་ཐད་གཙོ་བོར་སྤྱད་ནས་གླ་པ་རྒྱུག་པའི་ལས་ཞུགས་ཀྱི་མ་གནས་དམའ་རུ་གཏོང་རྒྱུ་རེད།
གོང་གསལ་གྱི་སྲིད་ཇུས་ལ་དམིགས་ཏེ་ཀྲུང་དབྱང་ནོར་སྲིད་ཀྱི་མ་དངུལ་དག་གཏན་འབེབས་ཀྱི་རྒྱུ་རྐྱེན་ལ་གཞིགས་ནས་ཞིང་ཆེན་དུ་ཚད་ལེན་ཞིབ་རྩིས་ཀྱིས་བགོ་བཤའ་རྒྱག་པ་དང་། ཞིང་ཆེན་རིམ་པས་བླང་བྱ་ལྟར་ས་གནས་ཀྱི་དོན་དངོས་དང་ཟུང་འབྲེལ་བྱས་ཏེ་གཞི་རིམ་དུ་ཁ་གསབ་ཀྱི་ཁྱབ་ཁོངས་དང་། རྒྱབ་སྐྱོར་བྱ་ཡུལ། ཁ་གསབ་ཀྱི་ཚད་གཞི་བཅས་ཞིབ་ཚཌ་སུ་གཏོང་བ་དང་ཆབས་ཅིག གཏན་འབེབས་ལྟར་ཡོངས་བསྒྲགས་སྤྱི་བསྒྲགས་སྤེལ་ནས་འབྲེལ་ཡོད་ཀྱི་ཐད་ཀའི་ཁ་གསབ་མ་དངུལ“གཱ་གཅིག་ཀུན་འཐུས”བརྒྱུད་དུད་ཚང་དུ་ཐད་ཀར་སྤྲོད་རྒྱུ་ཡིན་པ་རེད།
འབྲེལ་ཡོད་གསར་འགྱུར།