ཚེས་གསུམ་ཐང་སྡེ་ཁུལ་གྱིས་དབང་པོ་སྐྱོན་ཅན་ལ་ཆེད་དོན་འཚམས་འདྲིའི་བྱེད་སྒོ་སྤེལ་བ།
ཉེ་ཆར་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་ཉང་བྲན་ཁྲོམ་གཞུང་ཚེས་གསུམ་ཐང་སྡེ་ཁུལ་གྱིས་རང་སྐྱོང་ལྗོངས་དབང་པོ་སྐྱོན་ཅན་དྲག་སྐྱེད་ཞབས་ཞུ་ལྟེ་གནས་དང་མཉམ་དུ་ཁོངས་གཏོགས་ཁུལ་གྱི་དབང་པོ་སྐྱོན་ཅན་གྱི་དགོས་མཁོ་དངོས་ལ་དམིགས་ནས་ཆེད་དོན་འཚམས་འདྲིའི་བྱེད་སྒོ་སྤེལ་བ་རེད། བྱེད་སྒོ་དེར“དངོས་པོའི་རོགས་སྐྱོར་དང་སེམས་གསོ་གཏོང་བའི”བྱེད་སྟངས་སྤྱད་ནས་དབང་པོ་སྐྱོན་ཅན་ལ་ཐུགས་ཁུར་དང་དྲོ་སྐྱིད་གནད་ལ་འཁེལ་པོ་བྱས་ཏེ་བྱ་སྤྱོད་དངོས་ལ་བརྟེན་ནས་མི་དམངས་ལ་ཞབས་འདེགས་ཞུ་བའི་ཐོག་མའི་བསམ་འདུན་ལག་ལེན་བསྟར་ཡོད།
ཤེས་རྟོགས་བྱུང་བར་གཞིགས་ན། ད་ཐེངས་ཀྱི་འཚམས་འདྲིའི་བྱེད་སྒོ་དེར“གཅིག་སྡུད་འཚམས་འདྲི་དང་ཁྱིམ་དུད་དུ་འཚམས་འདྲི་ཟུང་འབྲེལ”གྱི་རྣམ་པའི་ཐོག་ནས་སྐུལ་འདེད་བཏང་ཡོད། གཅིག་སྡུད་འཚམས་འདྲི་བྱ་ཡུལ་དུ་སྡེ་ཁུལ་དང་དྲག་སྐྱེད་སླར་གསོ་ལྟེ་གནས་ཀྱི་ལས་དོན་མི་སྣས་དེ་གར་ཡོང་བའི་དབང་པོ་སྐྱོན་ཅན་གྱི་འཐུས་མིར་མཉམ་དུ་འཚམས་འདྲིའི་དངུལ་སྤྲད་པ་དང་། ཁོང་ཚོ་དང་ངོ་ཐུག་གདོང་འཕྲད་ཀྱིས་སྤེལ་རེས་བྱས་ཏེ་གཟུགས་པོ་དྲག་སྐྱེད་ཀྱི་གནས་ཚུལ་དང་། རྒྱུན་གཏན་གྱི་འཚོ་བའི་ཁྲོད་འཕྲད་པའི་དཀའ་ངལ། དེ་བཞིན་དགོས་མཁོ་དངོས་བཅས་ཞིབ་ཕྲ་དྲིས་པ་དང་ཁོང་ཚོར་སེམས་བག་ཡངས་པོས་འཚོ་བ་སྐྱེལ་དགོས་པའི་སྐུལ་ལྕག་བྱས་པ་མ་ཟད། རོགས་སྐྱོར་གྱི་ཐབས་ལམ་རྒྱུན་འཁྱོངས་བྱས་ནས་རེ་འདུན་ལ་དུས་ཐོག་ཏུ་ལན་འདེབས་རྒྱུ་ཡིན་ཞེས་བཤད་པ་རེད།
དབང་པོ་སྐྱོན་ཅན་ཁག་གཅིག་འགུལ་སྐྱོད་སྟབས་བདེ་མེད་པས་གཅིག་སྡུད་འཚམས་འདྲིའི་བྱེད་སྒོར་ཞུགས་ཐབས་བྲལ་བར་བསམ་བློ་བཏང་སྟེ། སྡེ་ཁུལ་དང་དྲག་སྐྱེད་ལྟེ་གནས་ཀྱིས་ད་དུང་མཉམ་འབྲེལ་འཚམས་འདྲིའི་ཚོགས་ཆུང་བཙུགས་ནས་ཁྱིམ་དུ་འཚམས་འདྲི་བྱེད་པར་བསྐྱོད་ཡོད། ལས་དོན་མི་སྣས་དབང་པོ་སྐྱོན་ཅན་གྱི་ཁྱིམ་དུ་བསྐྱོད་དེ་འཚམས་འདྲིའི་དངུལ་དང་དངོས་པོ་སྤྲད་པ་མ་ཟད། ས་ཡུལ་དངོས་ཀྱི་འཚམས་འདྲི་བྱ་ཡུལ་གྱི་སྡོད་སའི་ཁོར་ཡུག་དང་འཚོ་བའི་སྒྲིག་བཀོད་ལ་ལྟ་ཞིབ་བྱས་པ་དང་། ཁོང་ཚོའི་དྲག་སྐྱེད་གཡོག་བྱེད་དང་རྒྱུན་གཏན་གྱི་འགྲོ་སྡོད་ཉལ་འདུག་སོགས་ཐད་ཀྱི་རེ་འདུན་ངང་རྒྱུད་རིང་པོས་ཉན་ནས་དེ་དག་རེ་རེ་བཞིན་ཐོ་འགོད་བྱས་ཏེ། རོགས་སྐྱོར་རྩིས་ཁྲ་བཟོས་ཡོད། དྲག་སྐྱེད་ལྟེ་གནས་ཀྱི་ཆེད་ལས་མི་སྣས་ས་ཡུལ་དངོས་ཀྱི་དབང་པོ་སྐྱོན་ཅན་དང་དེ་བཞིན་ནང་མིར་རང་རང་ལ་འཚམ་པའི་བདེ་ཐང་སླར་གསོའི་མཛུབ་ཁྲིད་བྱས་པ་དང་། ཁྱིམ་དུ་དྲག་སྐྱེད་ཡོང་བའི་སྦྱོང་བརྡར་བྱེད་སྟངས་བསླབས་པ་མ་ཟད། གཡོག་བྱེད་ཀྱི་དོགས་གཞིར་ལན་བཏབ་ནས་ཆེད་ལས་རོགས་སྐྱོར་ཁྱིམ་ཚང་ཚང་མར་ཐད་ཀར་ཐོབ་པར་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།