སོ་ནམ་དུས་ཚོད་དམ་འཛིན་བྱེད། དཔྱིད་རྨོད་དཔྱིད་གྲབས་ལས་ལ་བྲེལ།
—— མལ་གྲོ་གུང་དཀར་རྫོང་གི་དཔྱིད་རྨོད་དཔྱིད་གྲབས་ཀྱི་མཐོང་ཐོས།

འདི་ནི་ཟླ་3ཚེས་8ཉིན་པར་བླངས་པའི་མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་ཡིན་པ།

འདི་ནི་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོའི་ཡུལ་མིས་ཆུ་ཡུར་ཉམས་བཟོ་བྱེད་བཞིན་པ།
དཔྱིད་ཟླ་གསུམ་པའི་མལ་གྲོ་གུང་དཀར་རྫོང་གི་ཞིང་ནང་དུ་དཔྱིད་དཔལ་རབ་ཏུ་བཞད་ལ་ཞིང་ལས་ཀྱི་བྲེལ་ཟིང་ཆེ་ཞིང་། གཞི་རིམ་གྱི་ལས་བྱེད་པ་དང་མང་ཚོགས་ཚོས་སོ་ནམ་དུས་ཚོད་དམ་འཛིན་གྱིས་ཆུ་ཡུར་བཟོ་བ་དང་། རྨོ་འདེབས་ཀྱི་གྲ་སྒྲིག་བྱེད་པ། ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ། གཞི་རིམ་དུ་ཞབས་འདེགས་ཞུ་བར་སྐྱོད་པ་བཅས་བྱས་ནས། རྒྱལ་ཡོངས་ཚོགས་འདུ་གཉིས་ཀྱི་དགོངས་དོན་གསོན་ཉམས་ལྡན་པའི་ལག་ལེན་ལ་བསྒྱུར་ཏེ། ས་མཐོའི་འཛིན་མའི་ཁྱོན་ཡངས་པོར་འབྲུ་རིགས་ཀྱི་བདེ་འཇགས་དང་། ཐོན་ལས་དར་རྒྱས། དམངས་འཚོ་ལེགས་གཏོང་བཅས་ཀྱི་ལས་ལ་གཞོལ་ནས་འབད་འཐབ་ཀྱི་ལེའུ་གསར་པ་རྩོམ་བཞིན་མཆིས།
ཉེ་ཆར། གསར་འགོད་པ་ཞིང་ཆེན་ལམ་149བརྒྱུད་མལ་གྲོ་གུང་དཀར་རྫོང་རྩ་ཞོལ་ཤང་ཕྱི་ནང་གྲོང་ཚོར་སྐྱོད་སྐབས། ཆུ་ཡུར་གྱི་འགྲམ་དུ་མི་ཚོགས་ཀྱིས་ཁེངས་ཤིང་། གང་སར་ལས་བྱེད་པ་དང་མང་ཚོགས་ཀྱིས་བློ་སེམས་གཅིག་མཐུན་ངང་ཆུ་ཡུར་ཉམས་བཟོ་བྱེད་པའི་ཚ་ཚ་འུར་འུར་གྱི་རྣམ་པ་ཞིག་མངོན་ཡོང་།
ཞིང་ལས་ནི་ཕྱི་ནང་གྲོང་ཚོའི་གཙོ་ཁྲིད་ཐོན་ལས་ཡིན་ཞིང་། གྲོང་ཚོ་དེའི་རྨོ་ཞིང་མང་ཆེ་བ་ནི་སྐས་ཞིང་ཡིན་པས་ཞིང་ཆུ་ཡུར་བུ་ནས་དྲངས་དགོས་ཀྱི་ཡོད། ཞིང་ལས་ལ་འཐུས་ཤོར་མི་ཡོང་བར་ཞིང་ཆུ་དུས་ཐོག་ཏུ་གཏོང་བར་འགན་ལེན་བྱ་ཆེད། གྲོང་ཚོའི“ཨུ་ལྷན་གཉིས”ཚན་ཁག་གིས་མང་ཚོགས་སྒྲིག་འཛུགས་བྱས་ནས་ཆུ་ཡུར་གཤོང་བ་དང་བརྟན་དུ་གཏོང་བའི་ལས་དོན་ཧུར་ཐག་སྤེལ་བར་ཡུལ་མི་80ལྷག་ཙམ་རང་འགུལ་ངང་ཞུགས་ཡོད།
“ང་ཚོས་ཆུ་ཡུར་ཡག་པོ་བཟོ་བ་དེ་ནི་ཏང་གི་སྲིད་ཇུས་དོན་ཐོག་ཏུ་འཁྱོལ་བར་བྱེད་པ་ཞིག་རེད”ཅེས་ཡུལ་མི་ལྷག་པས་གསར་འགོད་པར་བཤད་པ་དང་། ཁོང་གིས། ངའི་ཁྱིམ་ལ་རྨོ་ཞིང་མུའུ་13ཡོད། ན་ནིང་ཐོན་འབབ་ཡག་པོ་བྱུང་། ད་ལོ་ཚང་མས་མཉམ་དུ་ཆུ་ཡུར་བཟོ་བ་དང་ས་ཞིང་ལ་གཡོག་བྱེད་པ་དེ་ནི་ཆུ་དེ་བས་འབེལ་བ་དང་ཐོན་འབབ་དེ་བས་ཡག་པ་ཡོང་ཆེད་རེད”ཅེས་བཤད།
སྲོལ་རྒྱུན་གྱི་རྨོ་ཞིང་འདེབས་ས་ནས་དེང་རབས་ཀྱི་ཞིང་ལས་གླིང་ཁུལ་དུ་འཕེལ་རྒྱས་བྱུང་ཞིང་། མལ་གྲོ་གུང་དཀར་རྫོང་གིས་གྲངས་འཛིན་ཚན་རྩལ་ལ་བརྟེན་ནས་ཞིང་ལས་ལ་མཐུན་རྐྱེན་སྦྱར་ཏེ། སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་པའི་བཀོད་སྒྲིག་བླང་བྱ་དག་གསོན་ཉམས་དོད་པོས་ལག་ལེན་བསྟར་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་གི་དེང་རབས་ཞིང་ལས་དཔེ་སྟོན་གླིང་དུ་རིག་ནུས་དྲོད་ཁང་140ཡུག་གཅིག་ཏུ་འབྲེལ་ཡོད། རིག་ནུས་ཁོར་ཡུག་ཚོད་འཛིན་མ་ལག་ནི“རིག་ལྡན་ཀླད་པ”དང་འདྲ་བར་དྲོད་ཚད་དང་། བཤེར་ཚད། འོད་འཕྲོ། ཆུ་ལུད་བཅས་ལ་སྐབས་བསྟུན་ལྟ་ཞིབ་ཚད་ལེན་བྱས་ནས་རླུང་འགྲོ་དང་། ཉི་འགོག ཞིང་ཆུ་འདྲེན་པ། ལུད་རྒྱག་པ་བཅས་རང་འགུལ་གྱིས་སྙོམས་སྒྲིག་བྱས་ཏེ། འབྲི་ཏ་ས་འཛིན་སོགས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་ས་མཐོའི་གནམ་གཤིས་འོག་སྐྱེ་འཚར་ཡག་པོ་ཡོང་བའི་འགན་ལེན་བྱེད་བཞིན་ཡོད། གླིང་ཁུལ་གྱི་འགན་འཁུར་བ་དཀོན་མཆོག་ལྷ་འཛིན་གྱིས། གླིང་ཁུལ་གྱིས་ཁྱད་ལྡན་ཤིང་འབྲས་དང་སྔོ་ཚལ་སྣ་ཁ་38བཏབ་པ་དང“གླིང་ཁུལ་དང་། ཁེ་ལས། ཞིང་དུད”བཅས་མཉམ་དུ་འབྲེལ་བའི་བྱ་ཐབས་བརྒྱུད། མང་ཚོགས་4745ལ་ཐག་ཉེ་ས་ནས་ལས་ཞུགས་འབབ་འཕར་ཡོང་བར་སྣེ་ཁྲིད་བྱས་ཡོད། ད་དུང་ཁེ་ལས་ཀྱིས་རིག་ནུས་སྒྲིག་བཀོད་འཐུས་སྒོ་ཚང་དུ་རྒྱུན་ཆད་མེད་པར་གཏོང་བ་དང་། ལས་རྣམ་ཕུན་སུམ་ཚོགས་སུ་གཏོང་བ། ཚོང་རྟགས་གྲགས་ཅན་གཏོད་པ་བཅས་བྱས་ནས། རང་སྐྱོང་ལྗོངས་རིམ་པ་དང་རྒྱལ་ཁབ་རིམ་པའི་དེང་རབས་ཞིང་ལས་དཔེ་སྟོན་རྟེན་གཞི་སྐྲུན་ཐུབ་པའི་བརྩོན་ལེན་བྱས་ནས་ཚན་རྩལ་ལ་བརྟེན་ནས་ཞིང་ལས་དར་རྒྱས་གཏོང་བ་དང་ཐོན་ལས་ལ་བརྟེན་ནས་མང་ཚོགས་ཕྱུག་པོ་ཆགས་པ་བྱ་རྒྱུ་དེ་ས་མཐོར་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་ཐོན་པར་བྱེད་ཀྱི་ཡོད་ཅེས་ངོ་སྤྲོད་བྱས།
རིག་ལྡན་ཞིང་ལས་ཀྱིས་མལ་གྲོ་གུང་དཀར་རྫོང་དེ་ཉིད“གནམ་ཆུ་སྒུག་པ”ནས“ཚན་རྩལ་ལ་བརྟེན་ནས་འབབ་འཕར་ཡོང་བར”སྐུལ་འདེད་གཏོང་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་གིས་འབྲུ་རིགས་བདེ་འཇགས་ཡོང་བ་བྱེད་པར་ཏང་སྲིད་ཀྱི་འགན་འཁྲི་གཅིག་མཚུངས་ཡིན་པ་དོན་འཁྱོལ་ནན་པོ་བྱས་དང་བྱེད་བཞིན་ཡོད་ཅིང་། ད་ལོ་འཆར་གཞི་ལྟར་ན་ས་ཞིང་མུའུ་ཁྲི་11.11འདེབས་རྒྱུ་ཡིན་པ་ལས། འབྲུ་རིགས་མུའུ་ཁྲི་7.36དང་། དཔལ་འབྱོར་གྱི་སྐྱེ་དངོས་མུའུ་ཁྲི་3.43 གཟན་རྩྭ་མུའུ་ཁྲི་0.32བཅས་ཡོད་པ་དང་། རྫོང་ཡོངས་ཀྱིས་སྔ་སྣུར་ནས་རྫས་ལུད་ཏུན་876དང་ཞིང་སྨན་ཏུན་14.6གྲབས་གསོག་དང་ཁྱིམ་ལུད་ཏུན་ཁྲི་16.7གསོག་འཇོག་བྱས་ཡོད་ལ། མ་དངུལ་སྒོར་ཁྲི་183བཏང་ནས་ཁྱིམ་ལུད་ཉོ་སྒྲུབ་བྱས་པ་དང་། འཆར་གཞི་ལྟར་ན་སོན་བཟང་ཏུན་424གཏོང་འདྲེན་བྱས་ཏེ་ཞིང་ལས་རྒྱུ་ཆ་འདང་ངེས་དང་། དུས་ཐོག གནས་སྨིན་བཅས་ཡོང་བར་འགན་ལེན་བྱས་ཡོད།
ཚན་རྩལ་གྱིས་མཐུན་རྐྱེན་སྦྱོར་བ་དེ་ད་ལོའི་དཔྱིད་རྨོད་ཀྱི་ཁྱད་ཆོས་མངོན་གསལ་དོད་པོ་ཞིག་ཏུ་འགྱུར་ཡོད་ཅིང་། རྫོང་ཡོངས་སུ་ཞིང་ལས་སྐྱེ་དངོས་མུའུ་ཁྲི་2.3གྱི་མུའུ་རེའི་ཐོན་ཚད་མཐོ་རུ་གཏོང་བའི་ལས་གྲྭ་ལག་ལེན་བསྟར་བ་དང་། རིམ་པ་ལྔའི་ལག་རྩལ་མི་སྣ་དང་ལས་བྱེད་པས་ཤང་དང་ཡུག་ཁུལ་འགན་གཙང་ལེན་པའི་ལམ་སྲོལ་ཁྱབ་གདལ་གཏོང་བ། ཞིང་ལས་ལག་རྩལ་མི་སྣ་གཞི་རིམ་དུ་སྐྱོད་པ། སོན་བཟང་ཁྱབ་གདལ་དང་། ཚན་རིག་དང་མཐུན་པའི་ངང་ལུད་རྒྱག་པ། གནོད་འབུའི་གནོད་འཚེར་ལྗང་མདོག་སྔོན་འགོག་དང་ཚོད་འཛིན། ཞིང་འཕྲུལ་ལས་སྒྲུབ་ལ་མཛུབ་ཁྲིད་བཅས་བྱེད་པ། ཞིང་བཟང་དང་། སོན་བཟང་། དུས་བཟང་། ཐབས་བཟང་བཅས་མཉམ་འདྲེས་གཏིང་ཟབ་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། འབྲུ་སྣུམ་གྱི་ཐོན་ཚད་དང་སྤུས་ཚད་ཕྱོགས་ཡོངས་ནས་མཐོ་རུ་གཏོང་བཞིན་ཡོད།
མལ་གྲོ་གུང་དཀར་རྫོང་གིས་དངོས་སྒྲུབ་དོན་འཁྱོལ་ལ་བརྟེན་ནས་འབྲུ་རིགས་ཐོན་སྐྱེད་ལ་དམ་འཛིན་ཡག་པོ་བྱེད་པ་དང་། ཚན་རྩལ་གསར་གཏོད་ལ་བརྟེན་ནས་ཞིང་ལས་ཀྱི་སྤུས་ཚད་དང་ཕན་འབྲས་མཐོ་རུ་གཏོང་བ། ཞིང་པར་འབྲེལ་གཏུག་དང་སྣེ་ཁྲིད་བྱས་ནས་མང་ཚོགས་ལ་འབབ་འཕར་ཡོང་བར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ། ས་མཐོའི་ཞིང་ལས་དང་གྲོང་གསེབ་དེང་རབས་ཅན་གྱི་རྨང་གཞི་རྒྱུན་ཆད་མེད་པར་བརྟན་དུ་བཏང་ནས་རྒྱང་ལམ་གསར་པར་གྲོང་གསེབ་དར་རྒྱས་ཀྱི་བློ་ཡིད་ཚིམ་པའི་རྒྱུགས་ལན་ཞིག་ནུས་ཤུགས་ཡོད་རྒུས་འབུལ་བཞིན་ཡོད་པ་རེད།
འབྲེལ་ཡོད་གསར་འགྱུར།