དབུ་ཤོག>གསར་འགྱུར།>དམངས་འཚོ།
  • ས་མཐོའི་ཁྲུས་ཁང་དྲོ་སོབ་སོབ། འབྲོག་པའི་འཚོ་བ་སྐྱིད་ལྷང་ལྷང་།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-22

    གཉན་ཆེན་ཐང་ལྷའི་འདབས་སུ་གནས་ཤིང་ས་བབ་སྨི་4200ལྷག་ཙམ་ཟིན་པའི་འདམ་གཞུང་རྫོང་དབུ་མ་ཐང་ཤང་སྦྲ་ཁ་གྲོང་ཚོར་སྔར་བཞིན་ས་མཐོའི་གྲང་རླུང་ལྡང་བཞིན་ཡོད། འོན་ཏེ་གྲོང་ཚོའི་ནང་གསར་དུ་བསྐྲུན་པའི་དམངས་ཕན་ཁྲུས་ཁང་ནང་དྲོ་སོབ་སོབ་ཡོད།

    “སྔོན་ཆད་གཟུགས་པོ་སྐྱིད་པོ་ཞིག་བཀྲུ་དགོས་བསམས་ན་དེ་འདྲའི་སྟབས་བདེ་པོ་མེད”ཅེས་ཁྲུས་ཁང་ནང་གཟུགས་པོ་འཁྲུད་བཞིན་ཡོད་པའི་ཡུལ་མི་སྒྲོལ་མས་དགོད་ཀྱིན་བརྗོད། ས་སྐྱེས་རྡོ་སྐྱེས་ཀྱི་འབྲོག་པ་ཞིག་ཡིན་པའི་ངོས་ནས། ཁོང་ལ་སྔོན་ཆད་ཀྱི་འཚོ་བར་མྱོང་ཚོར་ཟབ་མོ་ཡོད། འབྲོག་ཁུལ་དུ་གྲང་ངར་ཆེ་ཞིང་གསོ་རླུང་དཀོན་པ་དང་དགུན་ཡུན་རིང་ལ་གྲང་ངར་ཆེ་བས། ཆུ་སྐོལ་བར་དུས་ཚོད་རིང་པོར་དཀའ་ལས་ཆེན་པོ་རྒྱག་དགོས། དྲོད་ལེན་ཆ་རྐྱེན་ཡང་དེ་ཙམ་ཡག་པོ་མེད་པས། ཆུ་ཚ་པོས་གཟུགས་པོ་བཀྲུ་བ་ནི་སྔོན་ཆད་འབྲོག་པ་མི་ཉུང་བ་ཞིག་གིས་འགྲུབ་པར་དཀའ་བའི་བསམ་འདུན་རེད།

    2025ལོར། གྲོང་ཚོར་བཅའ་སྡོད་ལས་དོན་རུ་ཁག་དང་ས་གནས་དེ་གའི་སྲིད་གཞུང་གི་ཐུན་མོང་འབད་འཐབ་འོག སྦྲ་ཁ་གྲོང་ཚོར་ཆེད་མངགས་འབྲོག་པར་ཞབས་འདེགས་ཞུ་བའི་དམངས་ཕན་ཁྲུས་ཁང་དེ་བསྐྲུན་པ་མ་ཟད། ད་དུང་ས་བབ་མཐོ་བའི་གནམ་གཤིས་དང་འཚམ་པའི་མཁའ་རླུང་ནུས་པའི་ཆུ་དྲོན་མ་ལག་ཅིག་ཀྱང་བསྒར་བས་ཆུ་ཚོད་24ཆུ་ཚ་པོ་མཁོ་འདོན་བྱེད་ཀྱི་ཡོད། ཁྲུས་ཁང་དེ་བེད་སྤྱོད་བྱེད་འགོ་ཚུགས་རྗེས་ལམ་སེང་གྲོང་ཚོ་དེ་གའི་དགའ་བསུ་ཐོབ་མང་ཤོས་ཤིག་ཏུ་གྱུར་ཡོད།

    ཡུལ་མི་བསྟན་འཛིན་གྱིས་རྟག་ཏུ་ཕྲུ་གུ་ཁྲིད་ནས་ཡོང་གི་ཡོད། “སྔོན་ཆད་དགུན་ཁ་ཕྲུ་གུས་ཁྲུས་བྱས་ན་འཁྱགས་ནས་ཆམ་པ་རྒྱག་སླ་པོ་ཡོད། ད་ཆ་ཁྲུས་ཁང་སྒོ་རྩར་ཡོད་པ་མ་ཟད། ཆུ་ཚ་པོ་དང་ཁོར་ཡུག་ཡག་པོ་ཡོད་པས། རྒན་རྒོན་དང་ཕྲུ་གུ་ཚང་མ་བློ་བདེ་པོའི་ངང་གཟུགས་པོ་བཀྲུ་ཆོག་གི་ཡོད། འདི་ནི་དངོས་འབྲེལ་བྱ་བ་བཟང་པོ་ཞིག་རེད”ཅེས་བསྟན་འཛིན་གྱི་བབ་ཆགས་པའི་སྐད་ཆ་ལས་འབྲོག་པ་མང་ཚོགས་ཀྱི་སེམས་གཏིང་གི་སྐད་ཆ་མཚོན་ཡོད།

    ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ས་བབ་མཐོ་བའི་མང་ཚོགས་ཀྱིས་དོ་ཁུར་བྱེད་མང་ཤོས་དང་ཐད་ཀར་འབྲེལ་བ་ཡོད་པའི་འཚོ་བའི་དགོས་མཁོར་དམིགས་ནས། རྩྭ་ཐང་མཐིལ་དུ་སྤྱི་པའི་ཞབས་འདེགས་ཞུ་བར་སྐུལ་འདེད་ཤུགས་ཆེན་བཏང་སྟེ་འཐུང་ཆུའི་བདེ་འཇགས་ནས་སྡོད་ཁང་ལེགས་གཏོང་དང་། དྲོད་གཏོང་འགན་ལེན་ནས་དམངས་ཕན་སྒྲིག་བཀོད་བར་གྱི་དམངས་འཚོའི་བྱ་བ་དངོས་མང་པོ་དོན་ཐོག་ཏུ་འཁྱོལ་ནས་ཕན་འབྲས་ཐོན་པར་བྱས་པས། འབྲོག་པའི་འཚོ་བའི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ཡོད་པ་རེད།

    འགན་འཁུར་རྩོམ་སྒྲིག་པ། ཉི་མ་ཆོས་སྒྲོན།

འབྲེལ་ཡོད་གསར་འགྱུར།