རིག་གནས་ཀྱི་ཉམས་བཟང་མངོན། ཕྱུག་འགྱུར་གྱི་གླུ་དབྱངས་ལེན།
—— མངའ་རིས་ས་ཁུལ་གྱི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་འཕེལ་རྒྱས་སྐོར་གྱི་ལྟ་ཞིབ།

འདི་ནི་ཡུལ་སྐོར་བས་བྱང་རྩེའི་ཚོན་མདོག་སྣ་ལྔའི་ས་ནག་མཛེས་ལྗོངས་ཁུལ་དུ་སྤྲོ་གསེང་བྱེད་བཞིན་པ།

འདི་ནི་རྐང་ཐང་དགའ་མོས་པས“མཁའ་དབྱིངས་མངའ་རིས། མཐའ་སྣེར་རྒྱང་སྐྱོད”ཀྱི་ཁོར་ཡུག་སྲུང་སྐྱོང་གི་རྐང་ཐང་མའི་བྱེད་སྒོར་ཞུགས་བཞིན་པ།
2025ལོར་མངའ་རིས་ས་ཁུལ་གྱིས་ཁྱོན་ཡུལ་སྐོར་བ་མི་ཐེངས་ཁྲི་351ལ་སྣེ་ལེན་ཞུས་པར་ཡུལ་སྐོར་གྱི་སྤྱིའི་ཡོང་འབབ་སྒོར་དུང་ཕྱུར་34.16ཟིན་པ་དེ་དུས་མཚུངས་ལས་35.9%དང་33.4%སོ་སོར་འཕར་བ་དང་། རིག་གནས་ཐོན་རྫས་རིན་ཐང་སྒོར་ཁྲི་9200.01ཟིན་པ་དེ་དུས་མཚུངས་ལས་60.8%འཕར་ཡོད། མངའ་རིས་ས་ཁུལ་གྱིས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱ་རྒྱུར་གཞི་ཚུགས་པ་དང་སྲུང་སྐྱོང་དང་རྒྱུན་འཛིན་བྱ་རྒྱུ་གཙོ་བོར་འཛིན་ཏེ“འཛམ་གླིང་ཡང་རྩེའི་ཡང་རྩེ”རུ“རིག་གནས་དར་རྒྱས་དང་། ཐོན་ལས་གོང་འཕེལ། མང་ཚོགས་ཕྱུག་འགྱུར”བཅས་ཀྱི་དུས་རབས་ཀྱི་ལེའུ་རྩོམ་བཞིན་མཆིས།
རིག་གནས་ཀྱིས་མཐུན་རྐྱེན་སྦྱོར་བ།
མངོན་མིན་རིག་གནས་ཤུལ་བཞག་གསོན་ཉམས་རྒྱུན་འཛིན་བྱེད་རིང་འཕེལ་རྒྱས་བྱུང་བ།
2026ལོའི་ལོ་གསར་གྱི་ཉིན་དང་པོར་མངའ་རིས་ས་ཁུལ་རྩྭ་མདའ་རྫོང་མཐུན་སྒྲིལ་ལམ་གྱི་ཁྲོམ་གཞུང་དུ་འཁར་རྔའི་སྒྲའི་ཁྲོད“གུ་གེའི་རྟེན་འབྲེལ་མཛད་སྒོ རྩྭ་མདའི་ལྡེབས་རིས་ཞབས་བྲོ”ཞེས་པའི་དབྱིངས་ཞུགས་རྣམ་པའི་འཁྲབ་སྟོན་ལས་ལོ་ངོ་སྟོང་གི་ལྡེབས་རིས་དག་གསོན་ཉམས་དོད་པར་གྱུར་ཡོད། གུ་གེའི་ལྡེབས་རིས་ཀྱི་ཁྱད་ཆོས་ལྡན་པའི་རྒྱན་གོས་གྱོན་པའི་འཁྲབ་སྟོན་པ་རྣམས་ལྡེབས་རིས་ཐོག་གི་དཔའ་རྟུལ་དང་། ལྷ་མོ། འབྲི་གཡག་དཀར་པོ་བཅས་སུ་གྱུར་པ་དང་སྲོལ་རྒྱུན་གྱི་རོལ་ཆའི་འགྱུར་ཁུག་དང་བསྟུན་ནས་འཁྲབ་སྟོན་བྱས་ཏེ་ལོ་རྒྱུས་ཀྱི་རི་མོ་དེང་རབས་ཀྱི་ཁྲོམ་གཞུང་དུ་གསོན་ཉམས་ལྡན་པའི་ངང་མངོན་པར་བྱས་ཡོད།
“ལྡེབས་རིས་ཐོག་གི་རི་མོ་གསོན་ཉམས་དོད་པོས་མིག་ལམ་དུ་འཆར་སྐབས་སེམས་ལ་གཡོ་འགུལ་ཆེན་པོ་ཐེབས་བྱུང”ཞེས་ལྟད་མོ་བ་བཀྲ་ཤིས་ཟླ་བས་རིག་གནས་ཀྱི་སྟོན་མོ་གཟབ་རྒྱས་དེའི་ཡིད་དབང་འཕྲོག་ཤུགས་ལ་ཧང་སངས་བཞིན་བརྗོད། འཁྲབ་སྟོན་གྱི་སྤྱི་ཁྱབ་འཁྲབ་ཁྲིད་པ་ཟླ་བ་ཚེ་རིང་གིས། གསར་རྩོམ་ཚོགས་པས་ཡུལ་དེ་གའི་མངོན་མིན་རིག་གནས་ཤུལ་བཞག་རྨང་གཞིར་བྱས་པ་དང་དེང་རབས་ཀྱི་ཞབས་བྲོ་དབྱང་ཀོ་ཡི་ཁྱད་ཆོས་མཉམ་འདྲེས་ཀྱིས་ཉིན་བཅུ་ལྷག་ཙམ་རིང་ཞིབ་བཟོ་བྱས་ནས“ལོ་ངོ་སྟོང་གི་བརྗིད་ཉམས་ལྡན་པའི་རྣམ་པ་དངོས་སུ་མཐོང་ཐུབ་པ་བྱས་ཡོད”ཅེས་ངོ་སྤྲོད་བྱས།རྩྭ་མདའ་རྫོང་རིག་གནས་ཡུལ་སྐོར་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་ཟླ་བ་སྒྲོལ་མས། ད་ཐེངས་འཁྲབ་སྟོན་གྱི་དམིགས་ཡུལ་ནི་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་ཀྱི་རྣམ་པ་གསར་པར་བརྟེན་ནས་རིག་གནས་མཚོན་རྟགས་གསོན་ཉམས་ལྡན་པར་བྱས་ཏེ། རྩྭ་མདའི་རིག་གནས་དང་ཡུལ་སྐོར་སྤུས་རྟགས་ཀྱི་དབྱེ་འབྱེད་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཆེ་རུ་ནུས་ལྡན་གཏོང་ཆེད་རེད་ཅེས་བརྗོད་པ་རེད། ལྡེབས་རིས་ནས་ཁྲོམ་གཞུང་བར་གྱི་ལོ་རྒྱུས་དང་མིག་སྔ་སྦྲེལ་མཐུད་བྱེད་པའི་གསར་གཏོད་རང་བཞིན་གྱི་ལག་ལེན་ལས་མང་ཚོགས་ཀྱིས་གུ་གེའི་རིག་གནས་ཀྱི་འཕར་རྩ་ཉམས་ལེན་ཐུབ་པ་མ་ཟད། མངའ་རིས་ས་ཁུལ་གྱི་རིག་གནས་གསོན་ཉམས་ལྡན་པོས་རྒྱུན་འཛིན་བྱེད་པའི་བསྡུས་རིས་ཤིག་ཏུ་གྱུར་ཡོད།
ལོ་རྒྱུས་རིག་གནས་སྲུང་སྐྱོང་བྱེད་རིང་འཕེལ་རྒྱས་དང་འཕེལ་རྒྱས་གཏོང་རིང་སྲུང་སྐྱོང་བྱེད་དགོས། གུ་གེའི་རིག་གནས་གནའ་ཤུལ་སྤྱི་གླིང་གི་སྲུང་སྐྱོང་བྱ་ཡུལ་དུ་གནའ་རྫས་རྟོག་ཞིབ་ལས་དོན་པས་མི་མེད་གནམ་གྲུ་སྤྱད་དེ་ས་དབྱིབས་རྩད་ཞིབ་བྱེད་བཞིན་ཡོད་པ་དང་ཉེ་འགྲམ་གྱི་ལག་རྩལ་འགོག་སྲུང་སྒྲིག་ཆས་ཀྱིས་དུས་ཐོག་ཏུ་གནའ་ཤུལ་གྱི་གྲངས་གཞི་བརྒྱུད་སྤྲོད་བྱེད་བཞིན་ཡོད། “ང་ཚོས་རིག་དངོས་སྲུང་སྐྱོབ་ཀྱི་བྱ་དགའ་ཆད་གཅོད་ལམ་སྲོལ་བཏོན་ནས་རི་ཐང་གི་ལྟ་སྐྱོང་བ་492ལ་ཆེད་ལས་གསོ་སྦྱོང་བྱས་པ་མ་ཟད། ད་དུང་ཉེན་ཆེའི་དུར་ས་74ལ་ལྡིར་སོ་སྤྲོས་ཆས་ཡང་བསྒར་ཡོད། 2025ལོར་རྒྱལ་ཡོངས་ཀྱི་རིག་དངོས་ཡོངས་བཤེར་ཐེངས་བཞི་པ་བྱེད་སྐབས་རིག་དངོས་ས་ཚིགས་585གསར་དུ་རྙེད་པ་དང་དེ་དག་ཚང་མ་ནི་མངའ་རིས་རིག་གནས་ཡུལ་སྐོར་གྱི་འཕར་རྩ་རྒྱུན་ལྟ་བུ་ཡིན་པས་གཏན་ནས་ཆད་དུ་འཇུག་མི་རུང”ཞེས་མངའ་རིས་ས་ཁུལ་རིག་དངོས་སྲུང་སྐྱོང་དང་གནའ་རྫས་རྟོག་ཞིབ་ཞིབ་འཇུག་སུའོ་ཡི་འགན་འཁུར་བ་འཕྲིན་ལས་དཔལ་འབྱོར་གྱིས་བརྗོད་པ་རེད།
མངའ་རིས་ས་མཐོར་ཡང་མངོན་མིན་རིག་གནས་ཤུལ་བཞག་རྒྱུན་འཛིན་བྱེད་འགོ་ཚུགས་ཤིང་། “མཁའ་དབྱིངས་ཀྱི་མངའ་རིས། གནའ་བོའི་རྒྱན་གོས”ཞེས་པའི་མི་རིགས་ཀྱི་རྒྱན་གོས་འགྲེམས་སྟོན་གྱི་རྒྱབ་སྟེགས་ཁུལ་དུ་སྒེར་རྩེའི་བསེ་འཁོར་གྱོན་ཆས་འཚེམ་ཁང་གི་བསོད་ནམས་དཔལ་སྐྱིད་ཀྱིས་མོ་ཐྲོལ་གྱི་རྒྱན་ཆ་འདོགས་རོགས་བྱེད་བཞིན་ཡོད་ཅིང་། བསོད་ནམས་དཔལ་སྐྱིད་ཀྱིས “ལག་རྩལ་དེ་ནི་ཕ་མས་ང་ལ་བཞག་པ་ཞིག་ཡིན། སྔོན་ཆད་གྲོང་མི་ཚོར་བཟོ་བ་ཙམ་ཡིན། ད་ཆ་མངོན་མིན་རིག་གནས་ཤུལ་བཞག་གི་ཡུལ་སྐོར་ཐོན་རྫས་སུ་གྱུར་ཡོད་ལ། 2025ལོར་ང་ཚོས་གྱོན་ཆས་ཆ་ཚང་100ལྷག་ཙམ་བཙོངས་པ་ཡིན”ཞེས་འཛུམ་དམུལ་དམུལ་ངང་བཤད། ས་ཁུལ་རིམ་པའི་མངོན་མིན་རིག་གནས་ཤུལ་བཞག་གི་བཟོ་ཁང་ཞིག་ཡིན་པའི་ངོས་ནས་འཚེམ་ཁང་དེར་སྲིད་གཞུང་གི་ཁ་གསབ་དང་གསོ་སྦྱོང་གི་གོ་སྐབས་རག་པ་མ་ཟད། ད་དུང་ཁོང་གིས་དགེ་ཕྲུག་6བསྡུས་ཡོད། “ན་གཞོན་དེ་བས་མང་བས་ལག་ཤེས་རྙིང་པར་བརྟེན་ནས་ཡོང་འབབ་མང་པོ་གསོག་ཐབས་ཤེས་སུ་འཇུག་གི་ཡིན”ཞེས་ཁོང་གིས་བཤད།
ཐོན་ཁུངས་གསར་སྤེལ།
ཁྱད་ལྡན་སྤུས་རྟགས་གསར་གཏོད་མཉམ་འདྲེས་བྱེད་རིང་ཚད་བརྒལ་བྱུང་བ།
2025ལོའི་ཟླ་9པར། རྒྱལ་ཡོངས་ས་གནས་ཁག་གི་སྒེར་འཁོར་དགའ་མོས་པ་ལས་གྲུབ་པའི་རླངས་འཁོར་རུ་ཁག་རྩྭ་མདའ་རྫོང་གྲོང་ནས་ཐོན་ཏེ“མཁའ་དབྱིངས་ཀྱི་མངའ་རིས། སྤྲིན་རུམ་གྱི་སྒེར་འཁོར”ཞེས་པའི་ཡུལ་སྐོར་བྱེད་འགོ་ཚུགས། པེ་ཅིང་ནས་ཡོང་བའི་སྒེར་འཁོར་ཡུལ་སྐོར་བ་མཱ་རུང་ལིས་ལག་ཐོགས་ཁ་པར་ནས་སྒེའུ་ཁུང་ཕྱི་རོལ་གྱི་དྲུ་རོང་པར་བླངས་ཏེ“སྔ་མོ་ནས་མངའ་རིས་ནི‘སྒེར་འཁོར་གནས་མཆོག’ཡིན་པ་གོ་ཐོས་བྱུང་། ལམ་ཐིག་དེས་བྱང་རྩེའི་ཚོན་མདོག་སྣ་ལྔའི་དྲུ་རོང་དང་གངས་རིན་པོ་ཆེ་སོགས་མཛེས་ལྗོངས་ཁུལ་འབྲེལ་བ་མ་ཟད། ལམ་བར་དུ་གཙོད་ཀྱང་མཐོང་རྒྱུ་ཡོད་པས་ཡོང་རིན་ཆོག་འདུག”ཅེས་བཤད།
ཀུན་གྱིས་དགའ་པོ་བྱེད་པའི་སྒེར་འཁོར་ལམ་ཐིག་དེ་ནི་མངའ་རིས་ཀྱིས་ཁྱད་ལྡན་ཐོན་ཁུངས་བསྡུ་སྒྲིལ་བྱས་པའི་གྲུབ་འབྲས་ཤིག་ཡིན་ཞིང་། 2025ལོར་མངའ་རིས་ས་ཁུལ་གྱིས་གུ་གེའི་རིག་གནས་རྗེས་ཤུལ་སྤྱི་གླིང་དང་མཚོ་མོ་ངང་ལྷ་རིང་མོ་འདི་གཉིས་རྒྱལ་ཁབ་ཀྱི་A4རིམ་པའི་མཛེས་ལྗོངས་ཁུལ་ལ་ལེགས་གྲུབ་ལྡན་པའི་ངང་བཏོད་པ་དང་། བྱང་རྩེའི་ཚོན་མདོག་སྣ་ལྔའི་དྲུ་རོང་དེ་རྒྱལ་ཁབ་ཀྱི་A3རིམ་པའི་མཛེས་ལྗོངས་ཁུལ་དུ་རིམ་སྤོར་བྱས་པ། གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་མཛེས་ལྗོངས་ཁུལ་དེ་རྒྱལ་ཁབ་ཀྱི་A5རིམ་པའི་ཡུལ་སྐོར་མཛེས་ལྗོངས་ཁུལ་ལ་གཏོད་པར་ངོ་བོའི་རང་བཞིན་གྱི་འཕེལ་རྒྱས་བྱུང་ཡོད། “ང་ཚོས་མཛེས་ལྗོངས་ཁུལ་འབྲེལ་མཐུད་བྱེད་པ་མ་ཟད། ཉམས་ལེན་ལེགས་སུ་གཏོང་བར་དེ་བས་མཐོང་ཆེན་བྱེད་ཀྱི་ཡོད”ཅེས་ལམ་ཐིག་ཇུས་འགོད་ཀྱི་འགན་འཁུར་མཁན་མངའ་རིས་ས་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་རྒྱུ་ནོར་ཁོའོ་ཡི་ཁོའོ་ཀྲང་ཟླ་བ་སྒྲོལ་མས་གསར་འགོད་པར་ངོ་སྤྲོད་བྱས་ཤིང་། ཁོང་གིས“ད་ཐེངས་ཀྱི་བྱེད་སྒོས་རིག་གནས་དང་ཡུལ་སྐོར་མཉམ་འདྲེས་གཏིང་ཟབ་བྱེད་པར་སྣང་ཆེན་བྱས་ཏེ་ཉིན་མོ་སྒེར་འཁོར་བཏང་ནས་ལམ་ཐིག་རྩེ་གྲར་ཡུལ་སྐོར་བྱེད་ཆོག་པ་དང་། དགོང་མོ་མངོན་མིན་རིག་གནས་ཤུལ་བཞག་གི་འཁྲབ་སྟོན་དང་སྐར་ཚོགས་ལ་ལྟ་ཐུབ་པ་མ་ཟད། བྱེད་སྒོར་ད་དུང་སྒར་རྒྱག་དང་རིག་གནས་བསམ་བཀོད་འགྲེམས་ཚོང་སོགས་ཁྱད་ལྡན་ལྷུ་ཚིགས་ཀྱང་བཀོད་སྒྲིག་བྱས་ཡོད། དེའི་དམིགས་ཡུལ་ནི‘བོད་ནུབ་རྒྱུད་ཀྱི་སྦས་ཡུལ། མཁའ་དབྱིངས་ཀྱི་མངའ་རིས’ཞེས་པའི་རིག་གནས་ཡུལ་སྐོར་གྱི་སྐད་གྲགས་དང་སྙན་གྲགས་སྔར་བས་ཆེ་རུ་གཏོང་ཆེད་རེད”ཅེས་བཤད་པ་རེད།
ལས་རྣམ་གསར་གཏོད་ལས་མངའ་རིས་ཀྱི་ཡུལ་སྐོར་དེ“ནམ་དུས་ལ་ལྟ་བ”ལས་ཚད་བརྒལ་བྱུང་ཞིང་། 2025ལོའི་ཟླ་8པར། སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་དར་ཆེན་རྒྱལ་སྤྱིའི་ཡུལ་སྐོར་གྲོང་རྡལ་ཆུང་ངུར་དམའ་དབྱིངས་ཐད་འཕུར་གནམ་གྲུའི་ཡུལ་སྐོར་རྣམ་གྲངས་དངོས་སུ་ལག་ལེན་བསྟར་འགོ་ཚུགས་པ་རེད། “དེ་སྔོན་རྐང་ཐང་མར་རི་སྐོར་རྒྱག་སྐབས་གནམ་གཤིས་ཡག་ཉེས་ལ་ལྟ་དགོས་པ་དང་ལུས་ཤུགས་ཡག་པོ་དགོས་པ་སོགས་ཀྱི་ཚོད་འཛིན་མང་པོ་ཡོད། ད་ཆ་སྐར་མ་40ཡི་རིང་མཁའ་དབྱིངས་ནས་གངས་རིན་པོ་ཆེ་དང་མ་ཕམ་གཡུ་མཚོའི་བརྗིད་ཆགས་མཛེས་ལྗོངས་བསྐོར་ཐུབ་པས་ཡུལ་སྐོར་བ་མི་འདྲ་བའི་དགོས་མཁོ་སྐོང་ཐུབ་ཀྱི་ཡོད”ཅེས་རྣམ་གྲངས་འགན་འཁུར་བ་སུང་ཅཱ་ཐང་གིས་ངོ་སྤྲོད་བྱས། དམའ་དབྱིངས་ཡུལ་སྐོར་དང་། རིག་གནས་བསམ་བཀོད་ཐོན་རྫས། དྲ་ཐོག་གི་རོལ་དབྱངས་འདུ་ཚོགས་སོགས་ལས་རྣམ་གསར་པས“བོད་ནུབ་རྒྱུད་ཀྱི་སྦས་ཡུལ། མཁའ་དབྱིངས་ཀྱི་མངའ་རིས”ཀྱི་སྤུས་རྟགས་ཤེས་ཚད་མི་ཐེངས་དུང་ཕྱུར་10ལས་བརྒལ་ཡོད།
ཡུལ་སྐོར་ཁོར་ཡུག་བཟང་པོ་ནི་འཕེལ་རྒྱས་ཀྱི་གཏིང་ཤུགས་ཡིན་ཞིང་། “མཁའ་དབྱིངས་ཀྱི་མངའ་རིས། ཡང་རྩེ་ཡི་རྒྱང་ལམ”ཞེས་པའི་ཁོར་ཡུག་སྲུང་སྐྱོང་རྐང་ཐང་བྱེད་སྒོ་སྤེལ་རིང་། ཡུལ་སྐོར་བས་གད་སྙིགས་སྒྲུག་པའི་སྤྱི་ཕན་བྱེད་སྒོ་ཆེད་མངགས་བཀོད་སྒྲིག་བྱས་པ་དེས་གངས་རིན་པོ་ཆེའི་བརྗིད་ཆགས་མཛེས་ལྗོངས་ལ་ལྟ་ཐུབ་པ་མ་ཟད། སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་གི་འདུ་ཤེས་ལག་ལེན་བསྟར་ཐུབ་པས་མི་117ཧུར་ཐག་ཞུགས་ཡོད་པ་རེད། “2025ལོར་ང་ཚོས་ཁོར་ཡུག་འཕྲོད་བསྟེན་ལེགས་གཏོང་བྱ་སྤྱོད་ཐེངས་173སྤེལ་ནས་བེད་མེད་ཟོག་རོ་ཏུན་22.34གཙང་སེལ་བྱས་པ་དང་། བློ་རིག་ཡུལ་སྐོར་རྣམ་གྲངས་ཕྱོགས་ཡོངས་ནས་བེད་སྤྱོད་གཏོང་འགོ་བཙུགས་པ་དང་། ‘རིག་སྐོར་མངའ་རིས’ཀྱི་བྱ་རིམ་ཆུང་ངུ་བདེ་བླག་ངང་དྲ་ཐོག་ཏུ་སྤྱོད་འགོ་བཙུགས་པར་རིམ་རྩིས་བརྒྱབ་ན་ལས་སྟེགས་སུ་ལྟ་མཁན་མི་ཐེངས་ཁྲི་10ལྷག་ཙམ་ཟིན་པ་དང་། རིམ་རྩིས་བརྒྱབ་ན་མི་ཁྲི་6.3གྱིས་བལྟས་པ། རིམ་རྩིས་བརྒྱབ་ན་ཚོགས་མི་ཁྲི་3.4ཐོ་འགོད་བཅས་བྱས་ཡོད”ཅེས་མངའ་རིས་ས་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་རིག་གནས་དང་ཡུལ་སྐོར་ཞབས་ཞུ་ལྟེ་གནས་ཀྱི་འགན་འཁུར་བ་བསྟན་པ་འཕྲིན་ལས་ཀྱིས་བཤད་པ་དང་། ཁོང་གིས“ཡུལ་སྐོར་བ་བློ་བདེ་བག་ཕེབས་བྱུང་ཚེ་གཞི་ནས་ཡིད་དབང་བཀུག་སྟེ་རོགས་པ་འཁྲིད་ནས་སླར་ཡང་ཡོང་སྲིད”ཅེས་བཤད།
དམངས་འཚོའི་བདེ་རྩ་བསྐྲུན་པ།
རིག་གནས་ཡུལ་སྐོར་གྱི་ཁེ་སྤོགས་ལས་མཉམ་སྐྲུན་མཉམ་སྤྱོད་བྱེད་རིང་དམངས་ལ་ཕན་པ་ཐོབ་པ།
སྤུ་ཧྲེང་རྫོང་བར་ག་གྲོང་རྡལ་གངས་ས་གྲོང་ཚོར་བོད་ལྗོངས་གངས་རིན་པོ་ཆེ་ཡུལ་སྐོར་ཞབས་ཞུ་ཚད་ཡོད་ཀུང་སིའི་ཏུང་ཧྲི་ཀྲང་ཚེ་རིང་སྙན་གྲགས་ཀྱིས་ཡུལ་མིའི་སྣེ་ཁྲིད་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་ནན་ཏན་ངང་སྦྱངས་ཏེ་ཕྱོགས་བཞི་མཚམས་བརྒྱད་ནས་ཡོང་བའི་ཡུལ་སྐོར་བར་སྣེ་ལེན་ཞུ་ཆེད་གྲ་སྒྲིག་ཨང་བསར་བྱེད་བཞིན་ཡོད། “ང་ཚོའི་གྲོང་ཚོའི་དུད་ཁྱིམ་373ཚང་མ་ཀུང་སིའི་རྐང་བདག་ཡིན་པ་དང་ཁོང་ཚོ་ཚང་མ་ཐོག་མའི་ཁལ་གཡག་སྐྱེལ་འདྲེན་རུ་ཁག་ནས་ད་ཆའི་ཀུང་སི་12བར་འཕེལ་རྒྱས་བྱུང་སྟེ། 2025ལོར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་3000ལྷག་ཙམ་ཟིན་ཡོད། ཡུལ་སྐོར་བ་མང་བའི་དུས་ཚིགས་སུ་ཡུལ་མི་300ལྷག་ཙམ་དུས་གཅིག་ཏུ་ལས་ཞུགས་ཐུབ་ནས་ཉིན་ལྟར་རྟ་200ལྷག་ཙམ་དང་འབྲི་གཡག་མགོ་གྲངས་70ལྷག་ཙམ་གཏོང་ཐུབ། ལོ་མཇུག་སྐབས་ང་ཚོས་ད་དུང་མ་རྐང་ནང་ཞུགས་མཁན་ལ་སྒོར་2000དང་གྲོ་ཞིབ་དང་། འབྲས། སྣུམ་སོགས་འཚོ་བའི་དངོས་ཟོག་སྤྲད་པ་ཡིན”ཞེས་བཤད། ཡུལ་མི་གུ་རུས་གསར་འགོད་པར“དེ་སྔོན་གནམ་ཆུ་བསྒུགས་ནས་ཕྱུགས་འཚོ་དགོས་པ་དང་ད་ཆ་རི་སྐོར་གྱི་སྣེ་ཤན་པ་བྱེད་ཀྱི་ཡོད་པས་ཉིན་ལྟར་གླ་ཆ་སྒོར་330ཡོད་སྟབས་འཚོ་བར་རེ་བ་ཆེན་པོ་འདུག”ཅེས་བཤད།
བོད་སྐྱོར་སྟོབས་ཤུགས་རྒྱུན་མཐུད་བསྣན་པ་ལས་དམངས་ཕན་གྱི་ལམ་བུ་དེ་བས་བརྟན་པོ་དང་ཡངས་སུ་ཕྱིན་ཞིང་། མངའ་རིས་ས་ཁུལ་གྱིས“ནང་དུ་འདྲེན་པ་དང་ཕྱིར་སྐྱོད་པ་ཟུང་འབྲེལ”བྱེད་ཐབས་ལ་བརྟེན་ནས་གསོལ་མགྲོན་ཁང་གི་ཞབས་ཞུ་དེ་དོ་དམ་དང་། འགྲུལ་ཁང་གཉེར་སྐྱོང་། ཡུལ་སྐོར་སྣེ་ཤན་པའི་འགྲེལ་བཤད། གྲོང་གསེབ་ཡུལ་སྐོར་གྱི་འཆར་འགོད་སོགས་ལྟེ་བའི་རྩལ་ནུས་ལ་དམིགས་ཏེ་བརྒྱུད་རིམ་རང་བཞིན་དང་ཆེད་ལས་ཅན་གྱི་གསོ་སྦྱོང་བྱས་ནས་རིགས་པའི་གཞུང་ལུགས་ཤེས་པ་མ་ཟད། བཀོལ་སྤྱོད་དངོས་བྱེད་མཁས་པའི་ཡུལ་དེ་རང་གི་རྩལ་ནུས་ཤེས་ལྡན་པ་ནུས་ཤུགས་ཡོད་རྒུས་གསོ་སྐྱོང་བྱས་ནས་རིག་གནས་ཡུལ་སྐོར་ཐོན་ལས་ཀྱིས་རྒྱུན་མཐུད་དམངས་ལ་ཕན་པ་བསྐྲུན་རྒྱུར་སྒུལ་ཤུགས་ཆེན་པོ་བསྣན་ཡོད།
རིག་གནས་ཡུལ་སྐོར་ཐོན་ལས་དབྱར་མཚོ་རྒྱས་པ་བཞིན་འཕེལ་རྒྱས་ཕྱིན་ཏེ་མི་དེ་བས་མང་བ་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པའི་ཕུགས་འདུན་མངོན་འགྱུར་བྱུང་ཡོད། མངའ་རིས་ས་ཁུལ་གྱིས་གྲོང་གསེབ་ཀྱི་གླིང་གའི་དཔལ་འབྱོར་འཕེལ་རྒྱས་ལ་རམ་འདེགས་ཧུར་ཐག་བྱས་པས་གླིང་ག་30ལྷག་ཙམ་གྱིས་མི་80ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ཡོད། “2025ལོར་རིམ་རྩིས་བརྒྱབ་ན། ཞིང་འབྲོག་པ་མི་ཐེངས་5673ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་ནས་འབབ་འཕར་སྒོར་ཁྲི་5210.3བྱུང་ཡོད”མངའ་རིས་ས་ཁུལ་རིག་གནས་དང་ཡུལ་སྐོར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ཝང་ཧུའེ་ཅུན་གྱིས“རིག་གནས་ཡུལ་སྐོར་ཐོན་ལས་དེ་ཉིད་མཐའ་དར་དམངས་ཕྱུག་གི་ཀ་རྟེན་ཐོན་ལས་ལ་གྱུར་ནས་སྔོན་ཆད་ཀྱི‘དཀའ་ཚེགས་ཆེ་བའི་ཁུལ་དེ་ད་ཆའི་བདེ་སྡོད་ལས་བརྩོན་གྱི‘བདེ་སྐྱིད་ཁྱིམ་གཞིས་ལ་གྱུར་ཡོད”ཅེས་བཤད།
འབྲེལ་ཡོད་གསར་འགྱུར།