ཡར་ཀླུང་གཞུང་དུ་གསོན་ཤུགས་རྒྱས། ཚན་རྩལ་སྟོབས་ཤུགས་གང་སར་མངོན།
—— ལྷོ་ཁ་གྲོང་ཁྱེར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མར་ཕྱོགས་མང་པོ་ནས་ཚད་བརྒལ་བྱུང་ཚུལ་སྐོར་བཀོད་པ།
གསོ་རླུང་བཟོ་ཆས་དང་། དམའ་དབྱིངས་དཔལ་འབྱོར། ནུས་རྒྱུ་གཙང་མ། གྲངས་འཛིན་རྩིས་ནུས། སྐྱེ་དངོས་འདུ་འགོད་སོགས་ཐོན་ལས་གསར་པ་དེ་དག་ལྷོ་ཁར་གཞིས་ཇི་ལྟར་ཚུགས་པ་དང་། “ས་ཡུལ་དང་འཕྲོད་ཐབས”ཀྱི་དཀའ་ངལ་ཅི་འདྲ་བྱས་ནས་བསལ་བ། འཕེལ་རྒྱས་ཀྱི་ལེའུ་གསར་པ་གང་འདྲ་བྱས་ཏེ་བརྩམས་པ་ཡིན་ནམ་ཞེ་ན།
གསོ་རླུང་བཟོ་ཆས་ས་བབ་མཐོ་སར་འཕྲོད་ཐབས་གང་ལེགས་བྱས་པ།
ས་མཐོར་གཟུགས་པོ་ནི་ཐོན་སྐྱེད་ནུས་ཤུགས་ཡིན་པས། གསོ་རླུང་གི་དགོས་མཁོ་ཧ་ཅང་ཆེ་བར་བརྟེན་གསོ་རླུང་བཟོ་ཆས་གང་འདྲ་བྱས་ཏེ་གཞི་ནས་ས་བབ་མཐོ་སར་འཕྲོད་པར་བྱས་ཡོད་ཅེ་ན།
2019ལོར་ཧུའུ་པེའི་བོད་སྐྱོར་གྱིས་ནང་འདྲེན་བྱས་ཏེ་བཙུགས་པའི་བོད་ལྗོངས་ཆིང་ཅང་གློག་ཆས་ཚན་རྩལ་ཚད་ཡོད་ཀུང་སི་ལྷོ་ཁར་སླེབས་མ་ཐག་འགྲན་སློང་དྲག་པོ་་འཕྲད་ཅིང་། རྒྱུན་སྤྱོད་གནོན་བཙིར་འཕྲུལ་འཁོར་གསོ་རླུང་ཉུང་སར་ཐེག་ཚད་ཆེན་པོས་འཁོར་སྐྱོད་བྱས་ཚེ་འཛེར་སྒྲ་ཆེ་བ་དང་། ནུས་རྒྱུ་ཟད་གྲོན་ཆེ་བ། སྤྱོད་ཡུན་ཐུང་བ་བཅས་ཀྱི་གནས་ཚུལ་ཐོན་གྱི་ཡོད།
2022ལོར་གཞི་ནས་གོ་སྐབས་བཟང་པོ་ཞིག་འཕྲད་་ཡོད། ལྷོ་ཁ་གྲོང་ཁྱེར་གྱིས་ཚན་རྩལ་གྱི་ཆེད་དོན་ཁ་གསབ་སྒོར་ཁྲི་200བཏོན་པ་དང་། ཁེ་ལས་ལ་ཞིབ་སྤེལ་མ་དངུལ་སྒོར་ཁྲི་220འདོན་དུ་བཅུག་ནས་ཐད་རྒྱུག་དྲད་མེད་གློག་རླབས་སྒྱུར་ཚད་ལག་རྩལ་ལ་གཅིག་སྡུད་འགག་སྒྲོལ་ལོ་གཉིས་ཙམ་བྱས་པ་བརྒྱུད་གསོ་རླུང་བཟོ་ཆས་རབས་གསར་པ་ཐོན་པ་དང་། དེའི་20Lའཕྲུལ་དབྱིབས་ཀྱིས་ཆུ་ཚོད་རེར་གློག་ཟད་ཚད་ཝ་1300ནས་760བར་ཆག་སྟེ་སྐྱོན་ཤོར་ཚད་ཉུང་དུ་སོང་བ་དང་། སྤྱོད་ཡུན་རིང་དུ་ཕྱིན་པ། དྲོད་ཚད་དམའ་རུ་སོང་བ། གློག་སྒུལ་འཕྲུལ་འཁོར་གློ་བུར་དུ་འགག་པའི་གནད་དོན་སྤྱིར་ན་ཐག་གཅོད་ཐུབ་པ་བཅས་བྱུང་ཡོད། ཆུ་གསུམ་ནས་ཡིན་པའི་འཛད་སྤྱོད་པ་ཞིག་གིས་རང་ཉིད་ཀྱིས་བཀོལ་སྤྱོད་བྱེད་པའི་10Lགསོ་རླུང་བཟོ་ཆས་ཀྱི་ཚད་བཅད་ཤུགས་ཚད་ནི་380Wཡིན་ཡང་དོན་དུ་བཀོལ་སྤྱོད་ཀྱི་ཤུགས་ཚད་ད་དུང་དམའ་པོ་ཡོད་ཅེས་བཤད།
“ས་མཐོར་ས་བབ་མཐོ་ཚད་སྨི་བརྒྱ་རེ་མཐོ་རུ་སོང་ཚེ་འཕྲུལ་འཁོར་གྱི་ནུས་པ་ཡག་པོ་ཐོན་རྒྱུར་ཤུགས་རྐྱེན་ཐེབས་ཀྱི་ཡོད། མིག་སྔར་ཀུང་སིས་ས་བབ་མཐོ་ཚད་ལ་སྨི་3000ནས་5000ཡན་བར་གྱི་མཐོ་ཚད་མི་འདྲ་བར་སྤྱོད་པའི་ཐོན་རྫས་གསར་སྤེལ་བྱས་པ་དེ་ཁྲོམ་རའི་དགོས་མཁོ་མི་འདྲ་བར་འཚམ་པོ་ཡོད། ད་དུང་ཚུར་བསྡུ་བྱས་པའི་གསོ་རླུང་བཟོ་ཆས་ཆེ་གྲས་ལ་ཆུ་ཚ་བཟོའི་ལག་རྩལ་གསར་སྤེལ་བྱས་ནས་འཚོ་བའི་ཐད་ཆུ་ཚ་པོ་སྤྱོད་རྒྱུ་ཡོད”ཅེས་ཀུང་སིའི་ཁྲོམ་ར་པུའུ་ཡི་ཅིང་ལི་ཝང་ཧྥང་ཧྥང་གིས་ངོ་སྤྲོད་བྱས།ཀུང་སིས་ད་དུང་ཕྱིར་བསྐྱོད་ནས་ལྷུ་ལག་གཙོ་བོ་ཡུལ་གཞན་དུ་ཞིབ་འཇུག་གསར་སྤེལ་བྱས་ཏེ་ལྷོ་ཁའི་རྟེན་གཞིར་སྒྲིག་སྦྱོར་དང་། ཚད་ལེན་ཚོད་ལྟ་བྱས་ནས་མ་གནས་གྲོན་ཆུང་ཐུབ་ཡོད། ཡོངས་ཁྱབ་རྣམ་པའི་གསོ་རླུང་བཟོ་ཆས་ལོར་ཕྱིར་གོང་བྱེད་ཚད་སྒོར་ཁྲི་ཆིག་སྟོང་རིམ་པ་ནས་2025ལོར་སྒོར་ཁྲི་8000བར་འཕར་ཏེ་བོད་ཡོངས་ཀྱི་ས་ཁུལ་ཡོངས་ཀྱི་གསོ་རླུང་མཁོ་འདོན་ཁྲོམ་ར་ཚང་མར་ཁྱབ་པ་མ་ཟད། བོད་རིགས་ན་གཞོན་100ལྷག་ཙམ་ཐོན་སྐྱེད་སྒྲུབ་རིམ་གྱི་རྐང་འཛིན་པར་ཡང་གྱུར་ཡོད། དེ་དང་ཆབས་ཅིག ཀུང་སིས་བོད་ལྗོངས་སློབ་ཆེན་དང་མཉམ་དུ་ས་མཐོའི་གསོ་རླུང་ཚོད་ལྟ་ཁང་བསྐྲུན་པ་དང་ཚ་ནུས་བེད་སྤྱོད་དང་། ཆུ་གཙང་མ་བཟོ་ཆས་སོགས་དམངས་འཚོའི་ཁྱབ་ཁོངས་སུ་རྒྱ་བསྐྱེད་དེ་གསར་གཏོད་ལ་བརྟེན་ནས་ས་མཐོའི་འཚོ་བར་མཐུན་རྐྱེན་ཟམ་མི་ཆད་པར་སྦྱོར་རྩིས་ཡོད་པ་རེད།
ཆེད་ལས་ཀྱི་མི་མེད་གནམ་གྲུས“ཚོད་བགམ་ཆེ་ཤོས”ཐེག་པ།
ས་མཐོར་གསོ་རླུང་དཀོན་པ་དང་། རླུང་རྒྱུན་ཆེ་བ། བརྡ་རྟགས་ཡང་སེ་ཆད་པས། འདི་གར་དམའ་དབྱིངས་དཔལ་འབྱོར་གྱི“ཐོགས་མེད་ལམ”ཞིག་ཇི་ལྟར་བཏོད་པའི་ཐད། 2024ལོར་ལྷོ་ཁར་གཞིས་ཆགས་པའི་བོད་ལྗོངས་ཁྲོང་པོ་མཁའ་ལམ་ཤར་གཏོང་ཚན་རྩལ་ཚད་ཡོད་ཀུང་སིས་དངོས་འཐབ་ལ་བརྟེན་ནས་དོན་དེར་ལན་ཁ་གསལ་བཏབ་ཡོད།
2025ལོའི་ཟླ་བ་དང་པོའི་ཉིན་དང་པོར། སྨན་རྫས་དང་སློབ་དེབ་སྤྱི་རྒྱ་20ལྷག་ཙམ་བླུགས་པའི་“གནམ་གྲུ”ཞིག་མཚོ་སྣ་གྲོང་ཁྱེར་གངས་དཀར་མདོ་གྲོང་ཚོར་བབས་ཤིང་། གྲོང་ཚོ་ཆུང་ཆུང་དེར་བསྐྱོད་སའི་མཁའ་ལམ་ནི་མི་མེད་གནམ་གྲུའི“ཚོད་བགམ་ཆེ་ཤོས”དེ་རེད།
གངས་དཀར་མདོ་གྲོང་ཚོའི་ཡུལ་མི་ཚོགས་ཆུང་ཧི་མ་ལ་ཡའི་རི་ཁུག་ཏུ་སྡོད་ཀྱི་ཡོད་པ་དང་། གྲོག་རོང་གིས་བསྐོར་ནས་དེར་ས་བབ་མཐོ་ཚད་ཧེ་བག་སྨི་7000ལྷག་ཙམ་ཟིན་པ་དང་། ཕྱི་དྲོར་རི་ཁུལ་དུ་སྐབས་རེ་ལྷགས་པ་རིམ་པ་12ལ་བརྒྱབ་ནས་མི་མེད་གནམ་གྲུ་འཕུར་སྐྱོད་ལ་དཀའ་ངལ་བཟོ་གི་ཡོད་ལ། དེ་བས་ཐག་གཅོད་བྱེད་དགོས་པ་ཞིག་ནི་འདི་གར་འཐེན་ཤུགས་ཀྱི་འགོག་རྐྱེན་བཟོ་བའི་དབང་གིས་འཕྲིན་གཏོང་ལ་དཀའ་ངལ་འཕྲད་པ་དེ་རེད།
ཚོགས་པ་དེས་ཟླ་བ་བཞི་ལྷག་ཙམ་རིང་རྩད་ཞིབ་བྱེད་པ་དང་། གནམ་སྐུད་བསྒར་བ། ཚོད་འཕུར་བྱེད་པ། གྲངས་གཞིའི་གོ་རིམ་སྒྲིག་པ་བཅས་བྱས་མཐར་གངས་བབས་ནས་ལམ་མ་འགག་གོང་འཕུར་ཐུབ་པ་རེད།
“མྱུར་ཚད་མཐོ་ཤོས་སུ་སླེབས་རྗེས། རི་ཁུག་གི་རླུང་ཤུགས་ལ་བརྟེན་ནས་མི་མེད་གནམ་གྲུ་ཕར་ཚུར་འཕུར་ཐུབ་པ་བྱུང་ནས་བདེ་བླག་ངང་འབྱོར་ཡོད། ང་ཚོའི་མི་མེད་གནམ་གྲུར་བྱང་སྐར་སྤུན་བདུན་སྲུང་སྐར་གྱི་འཕྲིན་གཏོང་དང་། རང་སྒྲིག་དྲ་རྒྱའི་འཕྲིན་གཏོང་། དེ་བཞིན་4Gའཕྲིན་གཏོང་ལག་རྩལ་བཅས་གཅིག་ཏུ་བསྡུས་ནས་བརྡ་རྟགས་སྣ་ཚོགས་ཀྱི་འགལ་རྐྱེན་ནུས་ལྡན་ངང་འགོག་ཐུབ་པ་བྱུང་ཡོད”ཅེས་ཀུང་སིའི་ཏུང་ཧྲི་ཀྲང་ཀྲང་པོ་ཡིས་བཤད།
དིང་རིའི་ས་ཡོམ་གྱི་རོགས་སྐྱོབ་ཁྲོད་མི་མེད་གནམ་གྲུ་60ལྷག་ཙམ་གྱིས་འཚོལ་སྐྱོབ་དང་དངོས་ཟོག་སྐྱེལ་བའི་ལས་འགན་སྒྲུབ་རིང་། “འཕུར་གྲུ་360”རྟགས་ཅན་གྱིས་སྐྱེལ་འདྲེན་གྱི་འགན་བླངས་པ་དང་། “བྱ་གླག”རྟགས་ཅན་གྱིས་འོད་ཤུགས་དང་གློག་ཤུགས་ལ་བརྟེན་ནས་མཚན་མོར་འཚོལ་སྐྱོབ་བྱས་པ་ལས་ས་མཐོར་འཚམ་པའི་ལག་རྩལ་གྱི་སྟོབས་ཤུགས་ཤིག་མངོན་ཡོད།
“མཚོ་བོད་ས་མཐོ་ནི་ཆེད་ལས་མི་མེད་གནམ་གྲུ་ཞིབ་འཇུག་གསར་སྤེལ་དང་བེད་སྤྱོད་ཀྱི་ཚོད་ལྟ་བྱ་ཡུལ་ཡག་ཤོས་ཤིག་རེད”ཅེས་ཀྲང་པོ་ཡིས་བཤད་པ་དང་། ཁོང་གིས“བོད་དུ་འཚམ་ཚེ་གཞི་ནས་འཛམ་གླིང་གི་མདུན་གྲལ་དུ་སླེབས་པའི་རེ་བ་ཡོད”ཅེས་བཤད།
ནུས་རྒྱུ་གཙང་མ་ས་མཐོར་གཞིས་ཆགས་པར་བྱས་པ།
ས་མཐོར་རླུང་ཤུགས་དང་འོད་ཤུགས་ཀྱི་ཐོན་ཁུངས་ཕུན་སུམ་ཚོགས་པས་དེ་དག་ས་གནས་དེ་གའི་འཕེལ་རྒྱས་ཀྱི་ལེགས་ཆར་ཇི་ལྟར་འགྱུར་བར་བྱས་ཡོད་ཅེ་ན།
ཆུ་གསུམ་རྫོང་ཤག་བྱང་ཤང་སྐྱ་བ་གྲོང་ཚོའི་རྒྱབ་ཏུ་མཐོ་དམན་མི་སྙོམས་པའི་རི་བོ་མུ་ཁྱུད་དུ་ཆགས་ཤིང་། ནམ་མཁའ་སྔོ་ཞིང་གཡའ་དག་པ་དང་། བསིལ་རླུང་གྲལ་སྟར་སྟུག་པོར་འགྲིག་པའི་འོད་ཤུགས་ཤེལ་ལེབ་རྒྱུད་དུ་དལ་བུར་ལྡང་བཞིན་མཆིས།
འདི་གར་ཡོད་པ་ནི་ཧྭ་ནེང་བོད་ལྗོངས་ཡར་ཀླུང་གཙང་པོའི་ཆུ་གློག་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སིའི་ནུས་རྒྱུ་གསར་པའི་ཡན་ལག་ཀུང་སིའི་སྐྱ་བ་འོད་ཤུགས་གློག་ཁང་ཡིན་པ་དང་། དེ་ནི་ནུས་རྒྱུ་གསར་པའི་ཁེ་ལས་མང་པོས་མ་དངུལ་བཏང་ནས་ལྷོ་ཁ་ཙམ་མ་ཟད་ཐ་ན་བོད་དུ་བཙུགས་པའི་རླུང་ཤུགས་དང་འོད་ཤུགས་ཀྱི་གློག་ཁང་གི་གྲས་ཤིག་རེད།
ཆུ་གསུམ་རྫོང་འཕེལ་སྒྱུར་ཅུས་ཀྱི་ཅུས་ཀྲང་གཞོན་པ་ལི་ཕན་གྱིས། རྣམ་གྲངས་འཛུགས་སྐྲུན་བྱེད་རིང་། ཁེ་ལས་ཀྱིས་དེ་གའི་མང་ཚོགས་ལ་ཁང་གླ་དང་འཕྲུལ་ཆས་སྤྱོད་པའི་འགྲོ་གྲོན་སྒོར་ཁྲི་1400ལྷག་ཙམ་སྤྲད་པ་མ་ཟད། དེ་སྔ་ས་གནས་དེ་གའི་མི་ཐེངས་800ལྷག་ཙམ་ལས་ཞུགས་ཐུབ་པར་སྐུལ་ཁྲིད་བྱས་པར་ཡོང་འབབ་སྒོར་ཁྲི་1800ལྷག་ཙམ་བྱུང་ཡོད། རྣམ་གྲངས་དེ་བསྐྲུན་རྗེས་ལོ་ལྟར་ས་ཆའི་བོགས་དངུལ་སྒོར་ཁྲི་260ལྷག་ཙམ་སྤྲོད་ཀྱི་ཡོད་ཅེས་གསར་འགོད་པར་བཤད་བྱུང་།
འོད་ཤུགས་ལག་རྩལ་གྱིས་ས་མཐོའི་སྐྱེ་ཁམས་ལ་ཤུགས་རྐྱེན་ཅི་འདྲ་ཞིག་ཐེབས་མིན་སྐོར་ལ། ཀུང་སི་དེའི་བདེ་འཇགས་ཐོན་སྐྱེད་པུའི་ཀྲུའུ་རེན་གློག་ཁང་རྣམ་གྲངས་ཀྱི་འགན་འཁུར་བ་ལི་ཡུང་གིས། གློག་ཁང་གིས་ས་ཁྱོན་མུའུ་6038བཟུང་བ་དང་། ཁྱོན་མ་དངུལ་སྒོར་ཁྲི་4898བཏང་བ། འཕྲུལ་འཁོར་ནས་གློག་འདོན་ཚད་ཀྲའོ་ཝ་250ཟིན་གྱི་ཡོད། འཛུཌ་སྐྲུན་བྱེད་རིང་སྐྱེ་ཁམས་སྲུང་སྐྱོང་ལ་སྣང་ཆེན་བྱས་པ་སྟེ། སྔོག་འདོན་གང་ཉུང་ཉུང་བྱེད་པ་དང་ཐལ་རྡུལ་དང་འཛེར་སྒྲར་ཚོད་འཛིན་བྱེད་པ། འོད་ཤུགས་ཤེལ་ལེབ་འོག་ཏུ་ནོར་ལུག་འགྲོ་ཐུབ་པའི་ཆེད་དུ་དེའི་མཐོ་ཚད་ལ་སྨི་1.5བཟོས་ཡོད། “ལག་ལེན་དངོས་ལས། འོད་ཤུགས་ཤེལ་ལེབ་འོག་གི་རྩྭ་ཁ་དེ་བས་ཡག་ཏུ་ཕྱིན་ནས་ཕྱུགས་འཚོ་བར་ཤུགས་རྐྱེན་མི་ཐེབས་པར་སྐྱེ་ཁམས་བཟང་པོ་ཡོད་པ་ར་སྤྲོད་ཐུབ་ཡོད”ཅེས་བཤད།
ཁོར་ཡུག་ལ་ཚོད་འཛིན་ཕོག་པ་ནས་ལག་རྩལ་ལ་བརྟེན་ནས་ཁོར་ཡུག་དང་འཚམ་ཐུབ་པའི་བར་དང་། ཁེ་ལས་རྐྱང་པ་ནས་ཐོན་ལས་ཚོགས་པའི་བར་ལྷོ་ཁ་གྲོང་ཁྱེར་གྱི་ཐོན་སྐྱེད་ནུས་ཤུགས་གསར་མའི་འཕེལ་རྒྱས་ཀྱི་ལམ་བུར་སྐབས་རིམ་བྱུང་གི་ཏང་ཨུད་དང་། སྲིད་གཞུང་། བོད་སྐྱོར་ཚོགས་པ་བཅས་ཀྱིས“ཡུལ་བབ་དང་བསྟུན་པའི”བློ་གྲོས་བཏོན་ནས“སྙིང་རུས་གཏན་འཁྱོངས”མཐའ་འཁྱོངས་བྱས་ཡོད།
འབྲེལ་ཡོད་གསར་འགྱུར།