2026ལོའི་པར་ཙིར་གྱི“ཀྲུང་གོའི་ཧྲང་ཧའེ་ཡི་གློག་བརྙན་གཟའ་འཁོར”གྲོང་ཁྱེར་ཧྲེང་པའོ་ལུའོ་རུ་འགོ་ཚུགས་པ།
“པར་ཙིར་གྱི་ལྟད་མོ་བས་དེ་བས་ཕྱོགས་མང་གི་ཀྲུང་གོ་ཞིག་ཤེས་ཚོར་ཐུབ་ཡོད”
ས་སྲོད་དུ། པར་ཙིར་གྱི་གྲོང་ཁྱེར་ཆེ་ཤོས་ཧྲེང་པའོ་ལུའོ་གྲོང་ཁྱེར་གྱི་ལྟེ་བར་གནས་པའི་པི་ཏེ་ལུའོ་པུའུ་ལཱ་སི་གློག་བརྙན་ལྟེ་གནས་སུ་གློག་འོད་ཆེམ་ཆེམ་དུ་འཕྲོ་བཞིན་ཡོད། གློག་བརྙན་ཁང་གི་གར་སྟེགས་སུ་ཧྲེང་པའོ་ལུའོ་དང་ཧྲང་ཧའེ་ནས་ཡོང་བའི་ཀྲུང་གོ་དང་ཕྱི་རྒྱལ་གྱི་སྐུ་མགྲོན་ཚོས་མཉམ་དུ“གློག་བརྙན་གྱི་གྲོང་ཁྱེར་ཧྲང་ཧའེ་ལ་རྒྱུས་ལོན་བྱེད”དང་། “རིག་གནས་དང་གློག་བརྙན་གྱིས་གཅིག་ཏུ་སྦྲེལ་བའི་ཀྲུང་པར” “ཡོལ་དཀར་གྱིས་འཛམ་གླིང་དང་སྦྲེལ། འོད་བརྙན་ལས་ཐུན་མོང་བསམ་འདུན་མཚོན”སོགས། རྒྱ་ཡིག་དང་ཕོར་ཐིའུ་ཀལ་ཡི་གེའི་སྨོན་འདུན་བྱང་བུ་བཏེགས་པ་དང་བསྟུན་ནས། 2026ལོའི་པར་ཙིར་གྱི“ཀྲུང་གོའི་ཧྲང་ཧའེ་གློག་བརྙན་གཟའ་འཁོར”གྱི་བྱེད་སྒོ་སྤེལ་འགོ་ཚུགས་པ་རེད།
ཧྲེང་པའོ་ལུའོ་ཀྲོའུ་རིག་གནས་ཐིང་གི་རྒྱུན་ལས་ཐིང་ཀྲང་གཞོན་པ་མཱ་སའེ་ལུའོ·ཏེ་ཨ་ཤིས་སིས་འགོ་ཚུགས་མཛད་སྒོར། “ངས་ད་ལྟའང་2024ལོར་ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་ལ་ཞུགས་པའི་སྣང་ཚུལ་དྲན་གྱི་འདུག ཀྲུང་གོའི་གློག་བརྙན་ཐོན་ལས་ཀྱི་གཞི་ཁྱོན་དང་ནུས་ཚད་ཆེན་པོ་ཡོད། ཧྲང་ཧའེ་ཡི་གློག་བརྙན་བརྙན་འཕྲིན་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཉམས་མྱོང་གིས་ཧྲེང་པའོ་ལུའོ་ལ་དཔྱད་གཞི་རྩ་ཆེན་མཁོ་འདོན་བྱས་ཡོད། ད་ཐེངས་ཀྱི་གློག་བརྙན་གཟའ་འཁོར་གྱི་བྱེད་སྒོ་དེ་རྒྱལ་ཁབ་གཉིས་པོའི་མི་དམངས་འོད་བརྙན་ཁྲོད་འཕྲད་པ་དང་རིག་གནས་ཁྲོད་ཕན་ཚུན་རྒྱུས་ལོན་ཐུབ་པའི་དུས་སྐབས་གལ་ཆེན་ཞིག་ཏུ་འགྱུར་བའི་རེ་བ་ཡོད”ཅེས་བཤད།
“ཡོལ་དཀར་ཐོག་གི་མི་སྣའི་བརྩེ་དུང་དང་ལྟད་མོ་བའི་སེམས་པ་གཅིག་ཏུ་བསྒྲིལ་ཐུབ་ཚེ། རིག་གནས་ཀྱི་བར་ཐག་རིམ་བཞིན་མེད་པར་འགྲོ་ངེས། འདི་ལྟ་བུའི་སྤེལ་རེས་ནི་སྐད་ཆ་གང་ལས་ཀྱང་ལྷག་པ་དང་ཤུགས་ཆེ་བ་ཡོད། ཧྲང་ཧའེ་རྒྱལ་སྤྱིའི་གློག་བརྙན་དུས་ཆེན་གྱི་ལ་ཏིང་མེ་གླིང་ས་ཁུལ་གྱི་འཐུས་མི་དང་གློག་བརྙན་བ་ཝུའུ་ཐ·སི་ཝུའེ་ཙེས། གློག་བརྙན་སྟོན་སྐབས་ཞིབ་ཚགས་ལ་གཏིང་ཟབ་པའི་བརྙན་པར་སྐད་ཆས་ས་ཁམས་དང་རིག་གནས་ཀྱི་མཚམས་ལས་བརྒལ་ཏེ། པར་ཙིར་གྱི་ལྟད་མོ་བར་དེང་རབས་ཀྲུང་གོའི་སྤྱི་ཚོགས་ཀྱི་རྣམ་པ་ཁྲི་སྟོང་མང་པོ་མཐོང་ཐུབ་པ་དང་མི་དཀྱུས་མའི་འཚོ་བའི་ཁྲོད་ཀྱི་དགའ་སྐྱོ་ཆགས་སྡང་མྱོང་ཚོར་ཐུབ་པའི་ངོས་འཛིན་བྱེད་བཞིན་ཡོད། པར་ཙིར་ཧྲེང་པའོ་ལུའོ་ཀྲོའུ་ལིད་སློབ་ཆེན་གྱི་མཚན་ཉིད་རིག་པ་དང་ཚན་རིག་སློབ་གླིང་གི་དགེ་རྒན་ཆེ་མོ་བ་ལུའུ་དབྱི་སི·པའོ་ལི་ནུའོ་ཡིས“གློག་བརྙན་ནས་ཀྲུང་གོའི་གཏམ་རྒྱུད་བརྗོད་པ་དེས་པར་ཙིར་གྱི་ལྟད་མོ་བས་དེ་བས་ཕྱོགས་མང་གི་ཀྲུང་གོ་ཞིག་ཤེས་ཚོར་ཐུབ་པ་བྱུང་ཡོད”
“ཀྲུང་གོ་དང་པར་ཙིར་ནི་རིག་གནས་ཀྱི་རྒྱལ་ཁབ་ཆེན་པོ་དང་གློག་བརྙན་གྱི་རྒྱལ་ཁབ་ཆེན་པོ་གཉིས་རེད། ཉེ་བའི་ལོ་ཤས་རིང་། རྒྱལ་ཁབ་གཉིས་པོའི་གློག་བརྙན་ཐོན་ལས་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་བྱུང་སྟེ། རང་རང་རྒྱལ་ཁབ་ཀྱི་དམངས་ཚོགས་ཀྱི་རིག་གནས་འཚོ་བ་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། རྒྱལ་སྤྱིའི་ལས་རིགས་གཅིག་པའི་ཁས་ལེན་ཡང་ཐོབ་ཡོད” ཧྲེང་པའོ་ལུའོ་རུ་བཅའ་སྡོད་ཀྲུང་གོའི་སྤྱི་ཁྱབ་ཁེ་སྐྱོང་བ་ཡུས་ཕུང་གིས། 2026ལོའི“ཀྲུང་པར་རིག་གནས་ལོའི”བྱེད་སྒོ་གལ་ཆེན་ཞིག་ཡིན་པའི་ཀྲུང་གོའི་གློག་བརྙན་པར་ཙིར་གྱི་རིག་གནས་གྲོང་རྡལ་གལ་ཆེན་ཧྲེང་པའོ་ལུའོ་རུ་བསྟན་པ་དེ་ནི་གློག་བརྙན་རིག་གནས་ཀྱི་འདུ་ཚོགས་གཟབ་རྒྱས་ཤིག་ཡིན་པ་མ་ཟད། ཀྲུང་པར་རྒྱལ་ཁབ་གཉིས་པོའི་མི་དམངས་ཀྱི་སེམས་ཀྱི་བར་ཐག་དེ་བས་ཉེ་རུ་འགྲོ་བར་ཡང་ཕན་པ་ཡོད་ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།