“གོ་ལ་ཧྲིལ་པོའི་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་ལ་ཇུས་གཞི་གསར་པ་མཁོ་འདོན་བྱེད་དགོས”
“ཀྲུང་གོས་བཏོན་པའི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྲོས་འགོས་འཛམ་གླིང་གི་ནུས་རྒྱུ་ཕྱོགས་སྒྱུར་དང་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བར་ཀྲུང་གོའི་ཇུས་གཞི་མཁོ་འདོན་ཐུབ་སྟེ། མཉམ་འབྲེལ་རྒྱལ་ཚོགས་ཀྱི་2030ལོའི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ཀྱི་གྲོས་རིམ་དང《ཕ་རི་སིའི་གྲོས་ཆོད》སོགས་ཀྱི་ལས་ཀའི་སྒྲོམ་གཞིའི་ནང་བཅུག་པ་དང་། རྒྱལ་ཁབ་100ལྷག་ཙམ་དང་རྒྱལ་སྤྱིའི་རྩ་འཛུགས་མང་པོའི་རྒྱབ་སྐྱོར་དང་ཁས་ལེན་ཐོབ་སྟེ། གོ་ལ་ཧྲིལ་པོའི་ནུས་རྒྱུ་གཙང་མའི་ཕྱོགས་སྒྱུར་ལ་དགེ་མཚན་ལྡན་པའི་དཔེ་སྟོན་མཁོ་འདོན་ཐུབ་ཡོད” གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་འཕེལ་རྒྱས་མཉམ་ལས་རྩ་འཛུགས(གཤམ་དུ“མཉམ་ལས་རྩ་འཛུགས”ཞེས་བསྡུ་རྒྱུ)ཀྱི་ཀྲུའུ་ཞི་ཤིན་པའོ་ཨན་གྱིས་འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་སྐབས། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་ནི་གཙང་མ་གཙོ་ཁྲིད་དུ་བྱེད་པ་དང་། གློག་ལྟེ་བར་འཛིན་པ། ཕན་ཚུན་འབྲེལ་མཐུད། རིག་ནུས་ཆེན་པོ་ལྡན་པ་བཅས་ཀྱི་དེང་རབས་ནུས་རྒྱུའི་མ་ལག་ཅིག་ཡིན་པས། ཚོགས་མིས་མཉམ་གྲོས་མཉམ་སྐྲུན་དང་མཉམ་སྤྱོད་བྱེད་པའི་རྣམ་པའི་ཐོག་ནས་གོ་ལ་ཧྲིལ་པོར་འཕྲད་པའི་ཐུན་མོང་གི་ནུས་རྒྱུའི་དཀའ་གནད་ལ་ཁ་གཏད་གང་མྱུར་གཅོག་བཞིན་ཡོད་པ་དེས། རྒྱ་ཆེའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱི་ཁྱབ་ནུས་དང་ཐེག་ནུས་ལྡན་པའི་ནུས་རྒྱུ་ཕྱོགས་སྒྱུར་ལ་རམ་འདེགས་ཐུབ་ཡོད་ཅེས་བརྗོད་པ་རེད།
ཤིན་པའོ་ཨན་གྱིས། མཉམ་ལས་རྩ་འཛུགས་བཙུགས་ནས་ལོ་10སོང་ཚུན། ཚོགས་མིའི་ཁ་གྲངས་ཐོག་མར་འཛུགས་སྐབས་ཀྱི་80ནས་1450བར་མང་དུ་ཕྱིན་ཏེ། རྒྱལ་ཁབ་དང་ས་ཁུལ་145ལ་ཁྱབ་ནས། རྒྱལ་སྤྱིར་མཚོན་བྱེད་རང་བཞིན་ལྡན་པའི་ནུས་རྒྱུའི་ཁྱབ་ཁོངས་ཀྱི་ཕྱོགས་མང་མཉམ་ལས་སྒྲིག་གཞིར་གྱུར་ཡོད། མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུ་བཅོས་སྐྱོང་ལ་ཧུར་ཐག་ཞུགས་ནས། གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྲོས་འགོ་དེ་ཉིད་གོ་ལ་ཧྲིལ་པོའི་ཐུན་མོང་གི་ངོས་འཛིན་དང་བྱ་སྤྱོད་ཅིག་ཏུ་འགྱུར་བར་སྐུལ་འདེད་བཏང་སྟེ། འཛམ་གླིང་གི་རྒྱུན་མཐུད་ཆོག་པའི་འཕེལ་རྒྱས་ལ་བློ་གྲོས་དང་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད་ཅེས་བརྗོད་པ་དང་། ཁོང་གིས“མཉམ་ལས་རྩ་འཛུགས་ཀྱིས་གོ་ལ་ཧྲིལ་པོའི་ནུས་རྒྱུའི་དྲ་སྦྲེལ་གྱི་རྒྱལ་སྤྱིའི་ཚད་གཞི་བཟོས་ནས་ཁྱབ་བསྒྲགས་བྱས་ཏེ། གོ་ལ་ཧྲིལ་པོའི་ནུས་རྒྱུའི་ལྗང་མདོག་ཕྱོགས་སྒྱུར་ལ་ཇུས་གཞི་གསར་པ་མཁོ་འདོན་བྱས་ཡོད”ཅེས་བརྗོད་པ་རེད།
ཤིན་པའོ་ཨན་གྱིས་བསྟན་དོན། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཕྱོགས་ཡོངས་ནས་ལྗང་མདོག་ཕྱོགས་སུ་སྒྱུར་བའི་གོམ་སྟབས་མགྱོགས་སུ་གཏོང་བ་དང་། ནུས་རྒྱུའི་མ་ལག་གསར་པ་མགྱོགས་མྱུར་སྐྲུན་པ། གློག་ཤུགས་མ་ལག་གསར་པ་ཧུར་ཐག་འཛུགས་པ་བཅས་ལ་གཞོལ་རྒྱུ་ཡིན་ཞིང་། དེ་ལྟར་བྱས་ཚེ་ཀྲུང་གོའི་ལྗང་མདོག་འཕེལ་རྒྱས་ཀྱི་དམིགས་ཚད་མངོན་འགྱུར་དང“ཐཱན་གཉིས”ཀྱི་དམིགས་ཚད་དོན་འཁྱོལ་ལ་སྐུལ་འདེད་གཏོང་བར་ཕན་པ་མ་ཟད། ད་དུང་དེ་བས་དྲང་གཞག་དྲང་བདེན་དང་དོ་སྙོམས་ཀུན་ཕན་གྱི་གོ་ལ་ཧྲིལ་པོའི་ནུས་རྒྱུའི་བཅོས་སྐྱོང་མ་ལག་སྐྲུན་པར་སྐུལ་འདེད་ཐུབ་རྒྱུ་རེད། ད་ལོའི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པར《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་ཁྲིམས་གཞུང》ལ་གྲོས་འཆམ་བྱུང་བ་རེད། ཤིན་པའོ་ཨན་གྱིས“ཁྲིམས་གཞུང་དེ་དུས་རབས་ཀྱི་དགོས་མཁོ་དང་འཚམ་པས། དེ་ལས་བློ་བརྟན་འགྱུར་མེད་ངང་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བསྐྱོད་པའི་ཀྲུང་གོའི་ཁས་ལེན་བརྟན་པོ་མཚོན་པ་མ་ཟད། གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་ལ་ཁྲིད་སྟོན་གལ་ཆེན་ཐུབ་པའང་མཚོན་གྱི་ཡོད”ཅེས་བརྗོད།
འབྲེལ་ཡོད་གསར་འགྱུར།