དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་གོའི་ལག་རྩལ་གྱི་མདུན་ལམ་ཡངས་ཤིང་རྒྱ་ཆེ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།   |     རྩོམ་པ་པོ།  ཨོར་ཧྥུའུ་ལཱ་མུའུ·ཨེར་སི་ནཱ།   |     སྤེལ་དུས།  2026-03-21

    ཨོར་ཧྥུའུ་ལཱ་མུའུ·ཨེར་སི་ནཱ།

    ཧྥ་རན་སེ་དང་། ཁ་ན་ཏ། དབྱིན་ཇི་སོགས་རྒྱལ་ཁབ་མང་པོའི་འགོ་ཁྲིད་ཀྲུང་གོར་འཚམས་འདྲི་ཚར་རྗེས། འཇར་མན་གྱི་ཙུང་ལི་མོ་ཚི་ཡང་ཉེ་ཆར་ཀྲུང་གོར་འཚམས་འདྲི་བྱེད་མཇུག་འགྲིལ་བ་རེད། ནུབ་ཕྱོགས་རྒྱལ་ཁབ་ཀྱི་འགོ་ཁྲིད་པས་སྔ་རྗེས་སུ་ཀྲུང་གོར་འཚམས་འདྲི་བྱས་པར་གྲུབ་འབྲས་གང་ལ་གང་འཚམ་ཐོབ་པ་དེ་ལས་དྲག་ཆར་རླུང་འཚུབ་ལྟ་བུའི་འགྱུར་ལྡོག་ཆེན་པོ་བརྒྱུད། རྒྱལ་ཁབ་དེ་དག་དང་ཀྲུང་གོའི་དབར་གྱི་འབྲེལ་བ་དེ་བས་དམ་པ་དོན་གཉེར་དང་ཕན་ཚུན་བརྩི་འཇོག་བྱེད་པའི་དུས་མཚམས་གསར་པར་སླེབས་པ་གསལ་བཤད་བྱེད་ཐུབ། འགྱུར་ལྡོག་དེ་ནི་ཁུངས་ལུང་མེད་པར་བྱུང་བ་ཞིག་མིན་པར་ཀྲུང་གོས་ཐོག་མཐའ་བར་གསུམ་དུ་སྒོ་མོ་རྒྱ་ཆེར་ཕྱེ་བ་དང་འབྲེལ་བ་དམ་ཟབ་ཡོད།

    མིག་སྔར། འཛམ་གླིང་སྣེ་མང་ཅན་གྱི་འཕེལ་ཕྱོགས་མངོན་གསལ་དོད་པ་དང་དུས་མཚུངས། ས་འབྲེལ་ཆབ་སྲིད་ཀྱི་འགྲན་སློང་བར་མེད་ཐོན་བཞིན་ཡོད། ཡོ་རོབ་ནང་ཁུལ་དུ་སྔར་བཞིན་རྙིང་ཞེན་རིང་ལུགས་ལ་བརྩི་སྲུང་བྱེད་མཁན་ཡོད་པས“འབྲེལ་གཅོད་སྨྲ་བ”སོགས་རྒྱུན་འཇགས་ཀྱི་བསམ་བློ་གཏོང་སྟངས་ཀྱི་ཀློང་དུ་ཚུད་ཡོད། དུས་སྐབས་ཤིག་རིང་། འཇར་མན་ལ་རྒྱལ་ནང་གི་མ་འཇོག་བྱེད་ཚད་དམའ་བ་དང་། དཔལ་འབྱོར་ཧ་ལམ་འཕེལ་མེད་སོར་གནས་སུ་ལུས་པ། རྒྱལ་སྤྱིའི་འགྲན་རྩོད་ནུས་པ་ལྟོས་བཅས་ཀྱིས་ཆག་པ་སོགས་ཀྱི་གནད་དོན་འཕྲད་སྟབས། ཕྱི་འབྲེལ་སྲིད་ཇུས་ལེགས་སྒྲིག་དང་། ལྷག་པར་དུ་ཀྲུང་གོ་དང་དཔྱོད་ཤེས་ལྡན་ལ་དམ་པ་དོན་གཉེར་གྱི་འབྲེལ་བ་སླར་གསོ་བྱེད་དགོས་ཀྱི་ཡོད།

    རྒྱབ་ལྗོངས་དེ་འདྲའི་འོག ཙུང་ལི་མོ་ཚི་ཡིས་ཀྲུང་གོར་འཚམས་འདྲི་བྱས་པ་ལས་ཁོང་གི་དམ་པ་དོན་གཉེར་གྱི་ལངས་ཕྱོགས་མཚོན་ཡོད། ཀྲུང་གོར་འཚམས་འདྲི་གནང་རིང་། ཙུང་ལི་མོ་ཚིས་ཀྲུང་གོའི་ཚན་རྩལ་མཐོ་པོ་ཁྱབ་གདལ་གཏོང་ཚད་དང་། གྲོང་ཁྱེར་གསར་པ་འཛུགས་སྐྲུན་བྱེད་ཤུགས། དེ་བཞིན་བག་ཕེབས་མཛའ་མཐུན་གྱི་སྤྱི་ཚོགས་རྣམ་པ་བཅས་མྱོང་ཚོར་ཐུབ་ཡོད། ལྟ་སྐོར་བྱེད་རིང་། ཁོང་གིས་འཇར་མན་གྱི་རླངས་འཁོར་ཁེ་ལས་དང་ཀྲུང་གོའི་ཚན་རྩལ་ཁེ་ལས་ཀྱིས་མཉམ་ལས་ཞིབ་སྤེལ་བྱས་པའི་གློག་སྒུལ་རླངས་འཁོར་གྱི་འབྲེལ་ཡོད་ལག་རྩལ་ལ་རྒྱུས་ལོན་བྱས་པ་མ་ཟད། ད་དུང་མི་གཟུགས་འཕྲུལ་མིའི་འཁྲབ་སྟོན་ལའང་བལྟས་པ་དང་། འཚམས་འདྲིར་ངོ་བོའི་རང་བཞིན་གྱི་གྲུབ་འབྲས་ཐོབ་ཡོད། འཇར་མན་ཕྱོགས་ཀྱིས་ཀྲུང་གོ་གཅིག་གི་སྲིད་ཇུས་མཐའ་འཁྱོངས་བྱེད་ཀྱི་ཡོད་ཅེས་བསྐྱར་བསྒྲགས་བྱས་པ་དང་། ཕྱོགས་གཉིས་པོས་འཇར་ཀྲུང་སྲིད་གཞུང་གི་གྲོས་མོལ་ལམ་སྲོལ་གྱིས་རྒྱལ་ཁབ་གཉིས་པོའི་མཉམ་ལས་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བར་གཅིག་འདོམས་རང་བཞིན་གྱི་དོན་སྙིང་ལྡན་ཡོད་ཅེས་ནན་བཤད་བྱས་པ་རེད། ཕྱོགས་གཉིས་པོའི་མཉམ་འགུལ་གྱི་རྩ་བའི་དགོངས་གཞི་དེ་འདྲ་མཉམ་དང་ཕན་ཚུན་ཡིད་ཆེས་དང་། སྒོ་དབྱེ་བསྟུན་མཁས། དངོས་སྒྲུབ་མཉམ་ལས་བཅས་ཀྱི་ཕྱོགས་སུ་སྒྱུར་བ་དང་། ཡིད་ཆེས་དང་བཅས་སྐད་ཆ་ཤོད་རེས་བྱས་ཏེ་འབྱུང་འགྱུར་གྱི་ཕྱོགས་མཐའ་ཀུན་གྱི་མཉམ་ལས་གྲོས་གཞིར་གྲོས་བསྡུར་བྱས་པས། རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བ་རྒྱུན་ཆད་མེད་པར་ཟབ་ཏུ་ཕྱིན་ཡོད།

    ཙུང་ལི་མོ་ཚི་ད་ཐེངས་འཚམས་འདྲིར་ཡོང་སྐབས། འཇར་མན་གྱི་དཔལ་འབྱོར་ལས་རིགས་ཀྱི་འཐུས་མི་30ཙམ་ཚུད་པའི་རིམ་མཐོའི་འཐུས་མི་ཚོགས་པ་སྐྱོད་རོགས་ལ་ཡོང་བ་དེ་ལས་ཀྲུང་གོའི་ཁྲོམ་རར་ཚད་མཐོའི་དོ་ཁུར་བྱེད་ལུགས་མངོན་ཡོད། མིག་སྔར་ནུབ་ཕྱོགས་ཀྱི་སྲིད་ཚོང་པ་དང་སྨྱན་སྦྱོར་ཁག་གཅིག་གིས་སྔར་བཞིན་ཀྲུང་གོ་དང་འབྲེལ་བ་ཡོད་པའི་གོ་བ་ལོག་ཁྲིད་རང་བཞིན་གྱི་བཤད་ཚུལ་དཔེར་ན། “ཐོན་ནུས་ཆེ་དྲགས་པ”དང“དྲང་སྙོམས་མིན་པའི་འགྲན་རྩོད”སོགས་སྤེལ་གྱི་ཡོད། གནས་ཚུལ་དེ་འདྲའི་འོག འཇར་མན་གྱི་ཁེ་ལས་ཀྱིས་གཅིག་རྗེས་གཉིས་མཐུད་ངང་སོ་སོའི་གདམ་ག་བྱས་པ་སྟེ། རྒྱལ་སྒྲོལ་ཀུང་སི་ཆེ་གྲས་ནས་ཁེ་ལས་འབྲིང་གྲས་བར་ལ། ཚང་མས་ཀྲུང་གོའི་ཁྲོམ་རར་རྒྱུན་མཐུད་ཞུགས་ཚད་མང་དུ་གཏོང་བཞིན་ཡོད་དེ། ལ་ལས་ཀྲུང་གོར་སྒྲིག་ཆས་ཆ་ཚང་གི་ཐོན་སྐྱེད་སྒྲུབ་རིམ་བསྐྲུན་པ་དང་། ལ་ལས་ཀྲུང་གོར་ཞིབ་སྤེལ་རྟེན་གཞི་བསྐྲུན་ཡོད། འཇར་མན་གྱི་ཁེ་ལས་དེ་དག་གིས་ཀྲུང་གོའི་ཁེ་ལས་དང་རོགས་ཟླའི་འབྲེལ་བ་འཛུགས་དགོས་པ་དང་། ཀྲུང་གོའི་རིན་ཐང་འཁོར་འབྲེལ་ཆ་ཚང་དང་ས་ཁོངས་ཚོ་འདུས་ཀྱི་གཏིང་ཤུགས་ཆེན་པོ་དགོས་པ། ཀྲུང་གོའི་རྩེར་སོན་ཁེ་ལས་ཀྱིས་མཁོ་འདོན་བྱས་པའི་བློ་འདྲི་དང་། འདོན་སྤྲོད། ཞབས་ཞུ་བཅས་དགོས་པ། ཀྲུང་གོའི་རྩལ་ནུས་མཐོ་བའི་ཤེས་ལྡན་པ་དང་། དེང་རབས་ཅན་གྱི་རྨང་གཞིའི་སྒྲིག་བཀོད། སྤྱི་པ་དང་སྒེར་གཉེར་གྱི་སྤུས་ལེགས་ཞབས་ཞུ་དགོས་པ་བཅས་རེད། འཇར་མན་གྱི་བཟོ་ཚོང་ལས་རིགས་ལ་མཚོན་ན། ཀྲུང་གོ་ནི་ཚོང་དོན་རོགས་ཟླ་ཆེ་ཤོས་ཙམ་མ་ཟད། ཐོན་སྐྱེད་ཞིབ་སྤེལ་གྱི“སྦྱོང་བརྡར་ར་བ”ཞིག་ཀྱང་ཡིན་པས། ལག་རྩལ་གྱི་མདུན་ལམ་གནས་ས་ཞིག་རེད།

    འབྱུང་འགྱུར་ནུབ་ཕྱོགས་རྒྱལ་ཁབ་ཀྱིས་ཀྲུང་གོར་འཛིན་པའི་འཐབ་ཇུས་དང་དཔལ་འབྱོར་ཚོང་དོན་སྲིད་ཇུས་དེ་ཚོང་དོན་གྱི་ཚད་བཀག་དང་མ་འཇོག་གི་བཀག་སྡོམ་ལས་རིམ་བཞིན་བསྒྲལ་ནས། དྲང་གཞག་འགྲན་རྩོད་ཀྱི་ཁོར་ཡུག་ཁྲོད་ཀྱི་གཉིས་ཕན་འཕེལ་རྒྱས་ཕྱོགས་སུ་སྒྱུར་ཐུབ་བམ་ཞེ་ན། ཚོང་དོན་མ་འཇོག་གི་གནད་དོན་དེ་སྒོ་དབྱེ་མཉམ་ལས་ལ་བརྟེན་ནས་ཐག་གཅོད་བྱ་རྒྱུ་ལས་མེད། འཇར་མན་གྱིས་ཀྲུང་གོ་དང་མཉམ་དུ་དེ་བས་རྒྱ་ཆེ་བའི་རྒྱལ་སྤྱིའི་ལས་སྟེགས་སུ་མཉམ་ལས་འཚོལ་ཞིབ་ཧུར་ཐག་བྱེད་དགོས་ཤིང་། དེ་ནི་འཇར་མན་དང་ཐ་ན་ཡོ་རོབ་དང་ཀྲུང་གོའི་དབར་གཉིས་ཁེ་གཉིས་ཕན་གྱི་ཆུ་ཚད་མཐོ་རུ་གཏོང་བའི་འབད་འཐབ་ཀྱི་ཁ་ཕྱོགས་སུ་འགྱུར་སྲིད།

    (རྩོམ་པ་པོ་ནི་འཇར་མན་པུའུ་ལའེ་མེ་སློབ་ཆེན་དཔལ་འབྱོར་རིག་པའི་རྒན་ཡོལ་ཞུས་པའི་དགེ་རྒན་ཆེ་མོ་བ་ཡིན་པ་དང་། དེ་སྔ་ཅི་ལིན་སློབ་ཆེན་དཔལ་འབྱོར་སློབ་གླིང་གི་གདན་ཞུས་དགེ་རྒན་ཆེ་མོ་བ་ཡིན)

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།