སྡེ་ཚན་གསུམ་གྱིས།
ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བར་བཀོད་སྒྲིག་བྱས་པ།
ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་ཟླ་3ཚེས་19ཉིན་གློག་འཕྲིན་འབྱོར་གསལ། གསར་འགོད་པར་ཚེས་19ཉིན་ཤེས་རྟོགས་བྱུང་བར། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་སོགས་སྡེ་ཚན་གསུམ་གྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་སྔར་བས་ཚད་ལྡན་དུ་གཏོང་བར་བཀོད་སྒྲིག་བྱས་ཏེ། ཐོན་ལས་ཀྱི་འགྲན་རྩོད་སྒྲིག་ལམ་ཚད་ལྡན་དུ་གཏོང་བའི་ལས་ཀའི་ཕན་འབྲས་སྲ་བརྟན་དང་ཟབ་ཏུ་གཏོང་བ་དང་། རིན་གོང་ལྟ་ཞིབ་ཚད་ལེན་དང་མ་གནས་བརྟག་དཔྱད་བྱེད་ཤུགས་ཆེ་རུ་གཏོང་བ། རླངས་འཁོར་གྱི་དངུལ་རྩའི་སྲིད་ཇུས་ཞིབ་འཇུག་དང་ཚད་ལྡན་དུ་གཏོང་བ། རྒྱུན་རྣམ་ཅན་དང་ཕུགས་ཕན་ཅན་ལ་བརྟེན་ནས་ལས་རིགས་ཀྱི་དྲ་རྒྱའི་ཟང་ཟིང་བཅོས་སྒྲིག་གཏིང་ཟབ་བྱེད་པ་བཅས་བྱས་ནས། ཁེ་ལས་ཀྱིས་ཉིན་60ཡི་རྩིས་ཡུན་ཁས་ལེན་དོན་འཁྱོལ་ཏན་ཏིག་བྱེད་པར་སྐུལ་འདེད་གཏོང་དགོས་པ་བཏོན་ཡོད།
ཉིན་ཤས་གོང་། བཟོ་ལས་དང་ཆ་འཕྲིན་ཅན་པུའུ་དང་། རྒྱལ་ཁབ་འཕེལ་སྒྱུར་ཨུ་ལྷན།
ཁྲོམ་ར་ལྟ་འདོམས་སྤྱི་ཁྱབ་ཅུས་བཅས་ཀྱིས་ནུས་རྒྱུ་གསར་པའི་རླངས་འཁོར་ལས་རིགས་ཁེ་ལས་ཀྱི་བཞུགས་མོལ་ཚོགས་འདུ་མཉམ་དུ་འཚོགས་ཏེ། སྡེ་ཚན་དབར་གྱི་མཉམ་ལས་དང་གསར་གཏོད་སྐུལ་སྤེལ་ལ་ཤུགས་སྣོན་བརྒྱབ་ནས་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་རྒྱུན་མཐུད་སྐུལ་འདེད་གཏོང་དགོས་པའི་བླང་བྱ་བཏོན་པ་རེད།
ཚོགས་འདུའི་ཐོག་བླང་བྱ་བཏོན་དོན། རེས་སྐོར་གསར་པའི་ཐོན་ལས་འཁོར་འབྲེལ་གཙོ་བོའི་སྤུས་ཚད་མཐོ་བའི་འཕེལ་རྒྱས་བྱ་སྤྱོད་ལག་ལེན་བསྟར་ཏེ། རླངས་འཁོར་གྱི་ཉིང་ལྷེབ་དང་རྨང་གཞིའི་མཉེན་ཆས་སོགས་ཀྱི་ཞན་ཆ་མགྱོགས་པོར་གསབ་པ་དང་བཀོལ་སྤྱོད་ཀྱི་གཞི་ཁྱོན་ཆེ་རུ་གཏོང་བར་སྐུལ་འདེད་བཏང་ནས་སྤུས་ཚད་ཀྱི་གཤིས་ནུས་རིམ་འཇུག་ངང་མཐོ་རུ་གཏོང་དགོས་པ་དང་། རང་འགུལ་འཁོར་གཏོང་ལག་རྩལ་འགག་སྒྲོལ་ཚད་བརྒལ་བྱེད་ཤུགས་མགྱོགས་སུ་བཏང་སྟེ། ཞུགས་འཐུས་ཚོད་ལྟའི་བརྒྱུད་རིམ་ལེགས་སུ་གཏོང་བ་དང་འབྲེལ་ཡོད་ཚད་གཞི་མགྱོགས་པོ་བཟོས་ནས་གཞི་ཁྱོན་གྱི་འབོར་ཐོན་གསར་གཏོད་ལ་མཐུན་རྐྱེན་བསྐྲུན་དགོས།
ཚོགས་འདུའི་ཐོག་ད་དུང་རླངས་འཁོར་གྱི་འཛད་སྤྱོད་ཆེ་རུ་གཏོང་བ་དང་ལས་རིགས་དོ་དམ་ལེགས་སུ་གཏོང་བ་སོགས་ཀྱི་གཙོ་གནད་ལས་དོན་ཡང་བཀོད་སྒྲིག་བྱས་ཏེ། འཛད་སྤྱོད་འཕེལ་སྐྱེད་ཀྱི་ཆེད་དོན་བྱ་སྤྱོད་ལག་བསྟར་གཏིང་ཟབ་བྱས་ཏེ། རླངས་འཁོར་རྙིང་པ་གསར་པར་བརྗེ་བར་སྐུལ་འདེད་ཏན་ཏིག་གཏོང་བ་དང་། ནུས་རྒྱུ་གསར་པའི་ལྗིད་ཐེག་རླངས་འཁོར་གཞི་ཁྱོན་ཅན་གྱིས་བཀོལ་སྤྱོད་བྱེད་པར་སྐུལ་འདེད་གཏོང་བ། རླངས་འཁོར་བཅོས་སྒྲིག་ཁྲོམ་ར་སྐྱོན་བྲལ་ངང་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་བའི་སྲིད་ཇུས་རང་བཞིན་གྱི་ཡིག་ཆ་བཟོས་ནས་ཁྱབ་བསྒྲགས་བཅས་བྱས་ཏེ། ཁྲོམ་རའི་འཛད་སྤྱོད་ཀྱི་གཏིང་ཤུགས་གང་ལེགས་འཕེལ་བར་བྱེད་དགོས་པ་དང་། དངུལ་རྩའི་ཡིད་རྟོན་དངུལ་བུན་ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་དང་རྒྱལ་སྤྱིའི་ཟོག་འགྲུལ་སྐྱེལ་འདྲེན་འགན་སྲུང་བྱེད་ཤུགས་ཆེ་རུ་བཏང་ནས་རླངས་འཁོར་ཕྱིར་གཏོང་ཚོང་དོན་དང་ཕྱི་རྒྱལ་དུ་འཕེལ་རྒྱས་གཏོང་བར་རྒྱབ་སྐྱོར་བྱེད་དགོས་པ་བཏོན་ཡོད།
འབྲེལ་ཡོད་གསར་འགྱུར།