དབུ་ཤོག>གསར་འགྱུར།>སྐབས་དོན་ཆབ་སྲིད།
  • རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ལ་འགོ་ཚུགས་བཀྲ་ཤིས་བྱུང་བ།

    ཟླ་བ་དང་པོ་དང་གཉིས་པར་ཕྱིར་གཏོང་ནང་འདྲེན་བྱེད་ཚད་དུས་མཚུངས་ལས་15.4%འཕར་བ།

  • ཡོང་ཁུངས།  ཀྲུང་གོའི་བོད་ཀྱི་གསར་འགྱུར་དྲ་བ།   |     སྤེལ་དུས།  2026-03-21

    ཉེ་ཆར། གསར་འགོད་པར་ལྷ་ས་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། ད་ལོའི་ཟླ་བ་དང་པོ་དང་གཉིས་པར་རང་སྐྱོང་ལྗོངས་ཀྱི་དངོས་ཟོག་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་མི་དམངས་ཤོག་སྒོར་དུང་ཕྱུར་18.26ཟིན་པ་དེ་དུས་མཚུངས་ལས་15.4%འཕར་ཏེ་ཕྱི་ཕྱོགས་ཚོང་དོན་གྱི་འགོ་བརྟན་པོ་ཚུགས་ཡོད་པ་རེད།

    སྒུལ་ཤུགས་གཉིས་ཀྱིས་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ལ་མཐུན་རྐྱེན་སྦྱར་ཞིང་། ལྷ་ས་གྲོང་ཁྱེར་དང་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱི་ཕྱོགས་ཚོང་དོན་གྱི“སྒུལ་ཤུགས་གཙོ་བོའི”ནུས་པ་རྒྱུན་མཐུད་བཏོན་ཡོད། ལྷ་ས་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་12.88ཟིན་པ་དེ་དུས་མཚུངས་ལས་17.9%འཕར་ཏེ་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་70.5%བཟུང་བ་དང་། གཞིས་རྩེ་གྲོང་ཁྱེར་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་5.29ཟིན་པ་དེ་དུས་མཚུངས་ལས་12.5%འཕར་ནས་བསྡུར་གྲངས་བཟུང་ཚད་29%ཟིན་ཡོད། ནེ་པ་ལ་འདི་ཉིད་རང་ལྗོངས་ཀྱི་ཚོང་དོན་རོགས་ཟླ་ཆེན་པོ་དང་པོའི་གནས་བབ་ཏུ་བརྟན་པོར་གནས་ཤིང་། ཟླ་བ་དང་པོ་དང་གཉིས་པར་ཕྱོགས་གཉིས་ཀྱི་ཚོང་དོན་དངུལ་འབོར་སྒོར་དུང་ཕྱུར་7.96ཟིན་ནས་ལྗོངས་ཡོངས་ཀྱི་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་43.6%བཟུང་ཡོད།

    དམངས་གཉེར་ཁེ་ལས་ཀྱིས་འགག་རྩའི་ནུས་པ་བཏོན་པ་དང་ཕྱི་རྒྱལ་གྱི་མ་འཇོག་ཁེ་ལས་འཕེལ་ཤུགས་ཆེ་ཞིང་། དམངས་གཉེར་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་10.63ཟིན་པ་དེས་ཕྱི་ཕྱོགས་ཚོང་དོན་གྱི་རིན་ཐང་བསྡོམས་འབོར་གྱི་58.2%བཟུང་ནས་དཔལ་འབྱོར“བརྟན་ཆས”ཀྱི་ནུས་པ་མུ་མཐུད་བཏོན་པ་དང་། ཕྱི་རྒྱལ་ཚོང་པའི་མ་འཇོག་ཁེ་ལས་ཀྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་7.3ཟིན་པ་དེས་བསྡུར་གྲངས་བཟུང་ཚད་40%ཟིན་ནས། ལྗོངས་ཡོངས་ཀྱི་ཚོང་གཉེར་ཁོར་ཡུག་རྒྱུན་མཐུད་ལེགས་སུ་ཕྱིན་པ་དང་གཉེར་སྐྱོང་བྱེད་པོའི་གསོན་ཤུགས་འཕེལ་ཡོད་པ་རེད།

    རིག་གནས་ཐོན་རྫས་ཀྱི་ཕྱིར་གཏོང་འཕར་ཚད་མགྱོགས་པོ་ཡོད་པ་དང་འཛད་སྤྱོད་རིམ་སྤེལ་གྱིས་ནང་འདྲེན་ལ་སྐུལ་ཁྲིད་བྱས་པས་ཚོང་ཟོག་གྲུབ་ཆ“ལེགས་གྲས་ནང་འདྲེན་དང་ཕྱིར་གཏོང”གི་རྣམ་པ་མངོན་ཡོད། ཕྱིར་གཏོང་ཐད། འཛད་རྫས་རིན་ཐང་སྒོར་དུང་ཕྱུར་9.98ཟིན་པ་དེ་དུས་མཚུངས་ལས་14.2%འཕར་བ་དང་། རིག་གནས་ཐོན་རྫས་རིན་ཐང་སྒོར་དུང་ཕྱུར་4.17ཟིན་ནས་ལྡབ་2.3འཕར་ཏེ་ཕྱིར་གཏོང་ལ་སྐུལ་ཁྲིད་བྱེད་པའི་ཀ་རྟེན་ཆེན་པོ་གཉིས་ལ་གྱུར་ཡོད། ནང་འདྲེན་ཐད། འཛད་སྤྱོད་རིམ་སྤོར་བྱས་པ་དང་ཆབས་ཅིག་འཛད་རྫས་ཕྱིར་གཏོང་རིན་ཐང་སྒོར་དུང་ཕྱུར་0.61ཟིན་པ་དེ་དུས་མཚུངས་ལས་ལྡབ་1.9འཕར་བ་དང་། འཕྲུལ་གློག་ཐོན་རྫས་ཀྱི་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་0.57ཟིན་པ་དེ་དུས་མཚུངས་ལས་0.5%འཕར་ནས་ལྗོངས་ནང་ཁུལ་གྱི་ཐོན་སྐྱེད་འཛུགས་སྐྲུན་གྱི་དགོས་མཁོ་བསྐངས་ཡོད་པ་རེད།

    ལག་འབྱོར་རྒྱུ་ཆའི་ལས་སྣོན་ལ་ཚད་བརྒལ་གསར་པ་བྱུང་སྟེ་ཚོང་དོན་གྱི་རྣམ་པ་དེ་བས་སྣ་མང་དུ་གྱུར་ཞིང་། མཐའ་མཚམས་ཀྱི་ཕོན་ཆུང་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་རིན་ཐང་སྒོར་དུང་ཕྱུར་5.26ཟིན་པ་དེ་དུས་མཚུངས་ལས་5.6%འཕར་ནས་སྲོལ་རྒྱུན་གྱི་མཐའ་མཚམས་ཚོང་དོན་བརྟན་པོའི་ངང་འཕེལ་རྒྱས་ཕྱིན་པ་དང་། ལག་འབྱོར་རྒྱུ་ཆའི་ལས་སྣོན་དང་འབྲེལ་བའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་སྒོར་དུང་ཕྱུར་7.3ཟིན་ཏེ་ལས་སྣོན་ཚོང་དོན་དེ་ཕྱི་ཕྱོགས་ཚོང་དོན་འཕར་བའི་བཀྲག་མདངས་འཚེར་ས་གསར་པར་གྱུར་ཡོད།

    འགན་འཁུར་རྩོམ་སྒྲིག་པ། སྐལ་བཟང་གྲགས་པ།

འབྲེལ་ཡོད་གསར་འགྱུར།