ཤྭ་བ་གསོས་ནས་ཕྱུག་འགྱུར་ལམ་དུ་སྐྱོད།
——ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་གིས་ཁྱད་ལྡན་གསོ་ཚགས་རྟེན་གཞི་བསྐྲུན་ནས་མཉམ་དུ་ཕྱུག་འགྱུར་ལམ་དུ་སྐྱོད་པའི་སྐོར་བཀོད་པ།
དཔྱིད་གྲང་ཆེ་བའི་དུས་སུ། ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་ཉང་ཕུ་ཤང་བདུད་སྤྱི་གྲོང་ཚོའི་ཤྭ་བ་ཁྲ་རིས་དང་ཤྭ་བ་སེར་ཆེན་གྱི“གཟན་རྩྭ”སྣ་ཁ་མང་དུ་ཕྱིན་ཡོད།
“ཉེ་ཆར་གཟན་རྩྭ་དཀོན་དུ་ཕྱིན་པས། ཤྭ་བ་དེ་ཚོར་ཀུ་ཤུ་དང་གོང་ལ་ཕུག་སོགས་སྟེར་ནས་འཚོ་བཅུད་བསྣན་ཏེ་ཤྭ་བའི་བདེ་ཐང་ལ་འགན་ལེན་བྱེད་ཀྱི་ཡོད”ཅེས་ཤྭ་བ་གསོ་ཚགས་རྟེན་གཞིའི་འགན་འཁུར་བ་ལིའུ་ཡན་ཡུས་ཀྱིས་བརྗོད།
གངས་རིའི་འདབས་སུ་བསྐྲུན་པའི་ཤྭ་བ་གསོ་ཚགས་རྟེན་གཞི་དེ་ནི་བོད་ཀྱི་གཞི་ཁྱོན་ཅན་གྱི་ས་མཐོའི་སྐྱེ་ཁམས་ཤྭ་བ་གསོ་ཚགས་རྟེན་གཞི་དང་པོ་དེ་རེད་ལ། ཀོང་པོ་རྒྱ་མདའ་རྫོང་གིས་རང་བྱུང་གི་མཐུན་རྐྱེན་ལ་བརྟེན་ནས་ཁྱད་ལྡན་ཐོན་ལས་འཕེལ་རྒྱས་བཏང་བའི་དགེ་མཚན་ལྡན་པའི་འཚོལ་ཞིབ་ཅིག་ཀྱང་རེད། 2023ལོར། ས་གནས་དེས་ས་མཐོའི་སྐྱེ་ཁམས་སྲུང་སྐྱོང་གི་ལྟེ་བར་གཞི་ཚུགས་ནས་ཤྭ་བ་མཆུ་དཀར་རང་བྱུང་སྲུང་སྐྱོང་ཁུལ་གྱི་མཐའ་འཁོར་དུ་སྒོར་ཁྲི་1050བཏང་ནས་ས་ཁྱོན་མུའུ་80ཟིན་པའི་ཚད་ལྡན་ཅན་གྱི་ཤྭ་བ་གསོ་ཚགས་རྟེན་གཞི་བསྐྲུན་པ་རེད།
བྱང་ཤར་ས་ཁུལ་ནས་ཁག་བགོས་ནང་འདྲེན་བྱས་པའི་ཤྭ་བ་ཁྲ་རིས་དང་ཤྭ་བ་སེར་ཆེན་གྱི་རྟེན་གཞིའི་ལས་དོན་མི་སྣའི་ལྟ་རྟོག་ཞིབ་ཚགས་འོག་ས་མཐོའི་དགུན་སྒྲོལ་དང་། ས་ཆ་གཞན་དུ་ཁྲག་རྭ་འཚར་བ། རང་རྟེན་གསོ་སྤེལ་སོགས་གསོ་ཚགས་ཀྱི་དཀའ་གནད་མང་པོ་གྲུབ་འབྲས་ཐོབ་པའི་ངང་ཁྱད་བསད་བྱས་པས་ཤྭ་བ་གསོན་ཚད་90%ལྷག་ཙམ་ཟིན་ནས་ད་ཆ་ཤྭ་བ་མགོ་གྲངས་650ལྷག་ཙམ་ཡོད་པ་རེད།
གསོ་ཚགས་རྟེན་གཞི་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་ཕྱིན་པ་ལས་ས་གནས་དེ་གའི་མང་ཚོགས་ལ་སྐྱེ་ཁམས་ཐོན་ལས་ཀྱི་ཁེ་ཕན་ལོངས་སུ་སྤྱོད་རྒྱུ་བྱུང་ཡོད། བདུད་སྤྱི་གྲོང་ཚོའི་ཡུལ་མི་དོན་གྲུབ་ཀྱིས་གསོ་ཚགས་རྟེན་གཞིའི་ནང་ཤྭ་བར་ལྟོ་སྣོན་བཞིན་ཡོད་ཅིང་། ཁོང་གིས“ང་དང་བསོད་ནམས་དཔལ་འབྱོར་རྟེན་གཞིའི་གསོ་ཚགས་པ་ཡིན། ནམ་རྒྱུན་ཁྱིམ་ནས་རྟེན་གཞིའི་བར་སྐར་མ་བཅུ་ཙམ་ལས་འགོར་གྱི་མེད། སྔོན་ཆད་ངའི་ཁྱིམ་གྱིས་དབྱར་རྩྭ་དགུན་འབུ་འཐུ་བ་དང་ས་ཞིང་འདེབས་ཀྱི་ཡོད་པས་ཡོང་འབབ་དེ་ཙམ་བརྟན་པོ་མེད། ད་ཆ་རྟེན་གཞིར་ལས་ཀ་བྱས་ན། ཟླ་རེར་གཏན་འཇགས་གླ་ཕོགས་སྒོར་4000ཙམ་འདུག”ཅེས་བརྗོད།
གསོ་ཚགས་རྟེན་གཞིས་ས་ཞིང་གི་བོགས་དངུལ་དང་། ངལ་ནུས་སྤྱོད་པ། ཐོན་ལས་ཀྱི་ཁེ་སྤོགས་བགོ་འགྲེམས་བཅས“ཕྱོགས་གསུམ་གཞི་གཅིག”གི་ཁེ་ཕན་སྦྲེལ་མཐུད་ལམ་སྲོལ་བཙུགས་པས། མང་ཚོགས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་བརྟན་པོ་ཐུབ་པ་མ་ཟད། ད་དུང་ས་གནས་དེ་གར་ལག་རྩལ་ཤེས་ལྡན་པ་མང་པོ་ཞིག་གསོ་སྐྱོང་ཐུབ་ཡོད།
རྟེན་གཞིས་ད་དུང་ཉེ་འགྲམ་གྱི་མང་ཚོགས་ལ་ཁྱིམ་ཚང་གིས་ཤྭ་བ་གསོ་སྟངས་ཁྱབ་གདལ་བཏང་ནས་འདོད་བློ་ཡོད་པའི་ཡུལ་མིར་རིན་མེད་ངང་ཤྭ་བ་སྤུས་ལེགས་དང་གཟན་རྩྭ་འདང་ངེས་མཁོ་འདོན་བྱས་པ་དང་། ལག་རྩལ་མི་སྣ་སྒོ་འགྲམ་དུ་གསོ་ཚགས་བྱེད་སྟངས་མཛུབ་ཁྲིད་བྱེད་པར་བཀོད་སྒྲིག་བྱས་ཏེ་ཤྭ་བ་ནང་འདྲེན་བྱེད་པ་ནས་ཐོན་རྫས་ཕྱིར་ཚོང་བྱེད་པའི་བར་གྱི་བརྒྱུད་རིམ་ཧྲིལ་པོར་གཡས་གཞོགས་གཡོན་འདེགས་ཀྱིས་ཡུལ་མིས་ཁྱིམ་དུ་ཤྭ་བ་གསོས་ནས་ཡོང་འབབ་འཕར་ཐབས་བྱས་ཏེ། ཐོན་ལས་མང་ཚོགས་ཀྱི་སྒོ་འགྲམ་དུ་དངོས་འབྲེལ་དོན་འཁྱོལ་བྱས་ཡོད། “ང་ཚོའི་གྲོང་ཚོའི་ཁྱིམ་ཚང་ཁ་ཤས་ཀྱིས་ཤྭ་བ་ཕོ་མོ་གཉིས་གསོས་ཡོད་པས་ཁྱིམ་ཚང་རེར་ལོ་རེར་ཡོང་འབབ་སྒོར་ཁྲི་1ཙམ་མང་དུ་ཕྱིན་ཡོད”ཅེས་དོན་གྲུབ་ཀྱིས་བརྗོད།
“རྟེན་གཞིའི་ཤྭ་ཁྱུའི་སྔོ་རྩྭ་ཕྱེད་ཀ་ཀོང་པོ་རྒྱ་མདའ་རྫོང་གི་མང་ཚོགས་ཀྱིས་བཏབ་པའི་གཟན་རྩྭ་ཉོ་སྒྲུབ་བྱས་པས་ས་ཆ་གཞན་ནས་གཟན་རྩྭ་དབོར་འདྲེན་བྱེད་པའི་གསོ་ཚགས་མ་གནས་ཆུང་དུ་ཕྱིན་པ་མ་ཟད། ད་དུང་ས་གནས་དེ་གའི་གཟན་རྩྭ་འདེབས་འཛུགས་ཁེ་ལས་དང་མང་ཚོགས་ཀྱི་འབབ་འཕར་ཐབས་ལམ་རྒྱ་ཆེར་ཕྱིན་ཡོད”ཅེས་ལིའུ་ཡན་ཡུས་ཀྱིས་བརྗོད།
ཐོན་རྫས་འགྲེམས་སྟོན་ཁུལ་དུ་སྐྱོད་སྐབས། ཤྭ་རྭ་ཁུལ་དང་ཤྭ་སྙིང་སྐམ་ཕྱེ་སོགས་ཐོན་རྫས་སྣ་ཁ་བཅུ་ལྷག་ཙམ་གྲལ་འགྲིག་པོས་བཤམས་ཤིང་། ས་མཐོའི་ཤྭ་བ་ཁྲ་རིས་ལ་བརྟེན་ནས་ཞིབ་སྤེལ་བྱས་པའི“བོད་ཀྱི་ཤྭ་བའི”མུ་འབྲེལ་ཐོན་རྫས་དེ་དག་སྤུས་ཀ་ལེགས་པས་ཁྲོམ་རའི་ཐོག་དགའ་བསུ་ཆེན་པོ་ཐོབ་པ་དང་། ལོ་རེར་ཤྭ་བའི་ཐོན་རྫས་སྣ་ཚོགས་རྒྱ་མ་2000ཡན་ཐོན་ནས་ཐོན་རྫས་རིན་ཐང་སྒོར་ཁྲི་1000ལྷག་ཙམ་ཟིན་གྱི་ཡོད་པ་རེད།
ད་ཆ་ཀོང་པོ་རྒྱ་མདའ་རྫོང་དུ་ཁྱད་ལྡན་གསོ་ཚགས་དེ་ས་གནས་དེ་གའི་སྐྱེ་ཁམས་སྲུང་སྐྱོང་གི་མིང་བྱང་གསར་པ་ཞིག་ཏུ་གྱུར་པ་མ་ཟད། “ཁེ་ལས་དང་། རྟེན་གཞི། མང་ཚོགས་བཅས་ཟུང་དུ་འབྲེལ་བའི”འཕེལ་རྒྱས་གཏོང་སྟངས་ལ་བརྟེན་ནས་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་གཉིས་ཀ་ཐོབ་པའི་གྲོང་གསེབ་དར་རྒྱས་ཀྱི་ཐབས་ལམ་གསར་པ་ཞིག་བཏོད་ཡོད།
འབྲེལ་ཡོད་གསར་འགྱུར།