འཐུས་མི་དང་ཨུ་ཡོན་ཚོས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བར་གྲོས་བསྡུར་འཁྲུག་པོ་གནང་བ།
ཀྲུང་ཧྭ་མི་རིགས་མཐུན་སྒྲིལ་ཆེ་མོར་བརྟེན་ནས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་སྐུལ་འདེད་གཏོང་བ།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་དང་དམངས་འཚོའི་བདེ་རྩ་ཆེ་རུ་གཏོང་ཆེད་ཁྲིམས་སྐྱོང་གི་འགན་སྲུང་བརྟན་པོ་བྱས་ཡོད”ཅེས་རྒྱལ་ཡོངས་ཚོགས་འདུ་གཉིས་གྲོལ་མ་ཐག་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་ནང་སོག་རང་སྐྱོང་ལྗོངས་ཨ་པཱ་ཀ་ཆིའི་ས་རུའུ་ལ་ཐུའུ་ཡ་ཀ་ཁྲ་ཡི་འབྲོག་པ་ཐིང་པཱ་ཐེར་གྱིས་མང་ཚོགས་ལ་བཅའ་ཁྲིམས་ཁྱབ་གདལ་གྱི་དྲིལ་བསྒྲགས་བྱས་པ་རེད།
ཟླ་3ཚེས་12ཉིན། རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་རེད། དེ་ནི་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་དང་འབྲེལ་བ་ཡོད་པའི་བཅའ་ཁྲིམས་གལ་ཆེན་ཞིག་ཡིན་ལ་འདི་ལོའི་རྒྱལ་ཡོངས་ཚོགས་འདུ་གཉིས་རིང་འཐུས་མི་དང་ཨུ་ཡོན་ཚོས་གྲོས་བསྡུར་འཁྲུག་་པོ་གནང་བའི་གླེང་གཞི་ཞིག་ཀྱང་རེད། གསར་འགོད་པས་འཐུས་མི་དང་ཨུ་ཡོན་ཚོར་ཁ་པར་ནས་འབྲེལ་བ་བྱས་ཏེ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བ་དང་། དེ་ལག་ལེན་བསྟར་བའི་ཐད་ཁོང་ཚོའི་མྱོང་ཚོར་དང་། རེ་སྒུག གྲོས་འགོ་བཅས་གླེང་རོགས་ཞུས་པ་ཡིན།
ཚང་མས། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་བཏོན་པ་དེས་མི་རིགས་ལས་དོན་ལ་ཤུགས་སྣོན་དང་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་དགོངས་པ་གལ་ཆེན་དང་ལྷག་པར་དུ་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པའི་འདུ་ཤེས་གལ་ཆེན་འདི་རྒྱལ་ཁབ་ཀྱི་བློ་སྟོབས་ལ་བསྒྱུར་བ་དང་། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པ་དང་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་སྐུལ་འདེད་གཏོང་བའི་ཐད་ཀྱི་གྲུབ་འབྲས་ཐོབ་པའི་ཉམས་མྱོང་དེ་དག་བཅའ་ཁྲིམས་ཀྱི་གཏན་འབེབས་སུ་མཐོར་འདེགས་བྱས་པ། ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པའི་འདུ་ཤེས་བརྟན་པོ་འཛུགས་པ་དང་ཀྲུང་ཧྭ་མི་རིགས་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་ཆེད་ཁྲིམས་སྐྱོང་གི་རྨང་གཞི་བརྟན་དུ་བཏང་ཡོད་པས། མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་བ་དང་། རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱིས་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་ལ་བརྟེན་ནས་རྒྱལ་ཁབ་སྟོབས་ཆེན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་མི་རིགས་བསྐྱར་དར་གྱི་བྱ་གཞག་རླབས་པོ་ཆེར་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད་མཐུན་སྒྲིལ་འབད་འཐབ་བྱེད་པར་དོན་སྙིང་གལ་ཆེན་ལྡན་པའི་ངོས་འཛིན་གཅིག་མཐུན་གནང་བ་རེད།
ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་ཕྱིན་པ།
ཀོང་ཤིས་ཀྲོང་རིགས་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཞིབ་དཔྱོད་པུའུ་བདུན་པའི་ཀྲུའུ་རེན་ཝུའེ་ཀྲེན་ལིང་ནི་མའོ་ནན་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་ཞིག་རེད། ཁོང་གིས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ཀྱིས་མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་དེ་བས་སྲ་ཞིང་བརྟན་པའི་ལམ་ལུགས་ཀྱི་འགན་སྲུང་བྱས་པ་དང་། མི་རིགས་ཁག་ཐུན་མོང་ཐོག་མཐུན་སྒྲིལ་འབད་འཐབ་དང་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་ཡོང་ཆེད་སྟོབས་ཤུགས་ཆེན་པོ་གཅིག་ཏུ་སྒྲིལ་བ། ཀྲུང་ཧྭ་མི་རིགས་ཀྱི་གོང་བུ་འགྲིལ་ཤུགས་དང་བློ་ཁ་ཕྱོགས་ཤུགས་སྔར་བས་ཆེ་རུ་བཏང་ཡོད། དེ་ལས་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་ཐུན་མོང་གི་འདུན་པ་མཚོན་པའི་ངོས་འཛིན་གནང་བ་རེད།
“མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་མི་རིགས་ཁག་གི་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཚང་མ་ཀྲུང་ཧྭའི་རིག་གནས་ཀྱི་གྲུབ་ཆ་ཞིག་ཡིན་པས་མི་རིགས་ཁག་ཐུན་མོང་ཐོག་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་ཕྱོགས་སུ་སྐྱོད་པར་སྐུལ་འདེད་བཏང་སྟེ་མི་རིགས་ཁག་གི་མང་ཚོགས་ཀྱི་བློ་དེ་བས་བདེ་བ་དང་གདེང་ཚོད་དེ་བས་ཆེ་རུ་འགྲོ་བ་བྱེད་དགོས”ཝུའེ་ཀྲེན་ལིང་གིས་མི་རིགས་མཐུན་སྒྲིལ་གྱི་ལག་ལེན་པ་དང་སྐུལ་འདེད་པ་ཡག་པོ་བྱས་ཏེ་སྣེ་ཁྲིད་ནས་བཅའ་ཁྲིམས་ཀྱི་དགོངས་དོན་སློབ་སྦྱོང་དང་། དྲིལ་བསྒྲགས། ལག་བསྟར་བཅས་བྱེད་པ་དང་། གཞི་རིམ་དུ་བསྐྱོད་དེ་མི་རིགས་ཁག་གི་མང་ཚོགས་ཀྱི་བསམ་འདུན་ཉན་པ། མི་སེམས་གཅིག་སྒྲིལ་དང་མཐུན་སྒྲིལ་ཟབ་གཏོང་གི་ལས་དོན་མང་ཙམ་སྒྲུབ་པ། སྤུས་ལེགས་ཀྱི་ཞིབ་དཔྱོད་འགན་སྒྲུབ་ལ་བརྟེན་ནས་མི་རིགས་མཐུན་སྒྲིལ་གྱི་ཁྲིམས་སྐྱོང་རྨང་གཞི་བརྟན་དུ་གཏོང་བ་བཅས་བྱས་ཏེ་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་མེ་ཏོག་ཀྲུང་ཧྭའི་ས་གཞི་ཆེན་པོར་ནམ་ཡང་བཞད་པར་བྱེད་ཀྱི་ཡིན་ཞེས་གསུངས།
མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་ལ་སྐུལ་འདེད་གཏོང་བ།
“ཀྲུང་ཧྭ་མི་རིགས་ནི་ཁྱིམ་ཚང་ཆེན་པོ་ཞིག་རེད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་རྗེས་ང་ཚོའི་འཚོ་བ་དེ་བས་དར་ཞིང་རྒྱས་པ་ཡོང་ངེས་ཡིན་པའི་ཡིད་ཆེས་ཡོད”ཆའང་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་ཞིག་ཡིན་པའི་སི་ཁྲོན་ཞིང་ཆེན་པེ་ཁྲོན་ཆའང་རིགས་རང་སྐྱོང་རྫོང་ལེ་ཀུའུ་གྲོང་རྡལ་ཝུའུ་ཤིང་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཡུས་ཧྲའོ་རུང་གིས“གྲོང་ཚོའི་ཆའང་རིགས་དང་། བོད་རིགས། རྒྱ་རིགས་བཅས་མི་རིགས་ཁག་གི་མང་ཚོགས་ཀྱིས་མཉམ་དུ་འབད་འཐབ་དང་ལམ་བུ་གཅིག་ལ་བསྐྱོད་དེ་སེ་འབྲུའི་རྡོག་ལྟར་གོང་བུ་གཅིག་ཏུ་སྒྲིལ་གྱི་ཡོད ”ཅེས་གསུངས།
ཝུའུ་ཤིང་གྲོང་ཚོའི་མི་འབོར་བཅུ་ཆ་དགུ་ནི་ཆའང་རིགས་དང་བོད་རིགས་སོགས་གྲངས་ཉུང་མི་རིགས་ཡིན་པ་དང་རྒྱ་རིགས་མང་ཚོགས་ཀྱང་ཡོད། གྲོང་ཚོར་བཀྲ་ཤིས་པའི་བྱ་བ་འཕྲད་སྐབས་ཆའང་རིགས་ཀྱི་སྐྱེས་པ་ཚོས་རང་འགུལ་ངང་རོགས་རམ་བྱེད་པ་དང་། བོད་རིགས་ཨ་ཅག་ཚོས་ཇ་བསྲུབས་མ་སྐྱེལ་བ། རྒྱ་རིགས་ཨ་ཅག་ཚོས་གསོལ་སྟོན་གཤོམ་རོགས་བྱེད་ཀྱི་ཡོད། དགོང་མོར། སྒྲ་སྐྱེད་འཕྲུལ་ཆས་ཁ་ཕྱེ་མ་ཐག་ཚང་མ་སྒོར་སྒོར་བྱས་ནས་གླུ་ལེན་གར་འཁྲབ་བྱེད་ཀྱི་ཡོད།
“བཅའ་ཁྲིམས་དེ་ནི་འགན་སྲུང་བརྟན་པོ་ཞིག་ཡིན་པ་མ་ཟད། སྐུལ་སློང་ནུས་ལྡན་ཞིག་དེ་བས་ཀྱང་ཡིན་པས་མི་རིགས་ཁག་གི་མི་དམངས་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་རྒྱ་ཁྱབ་བྱེད་རིང་སྤུན་ཉེ་འཆམ་མཐུན་དང་ཞི་མཐུན་མཉམ་གནས་ཡོང་བར་སྐུལ་འདེད་གཏོང་ཐུབ། ངས་བཅའ་ཁྲིམས་སློབ་སྦྱོང་དང་ཁྱབ་གདལ་ལ་ཤུགས་སྣོན་བརྒྱབ་ནས‘ཀྲུང་ཧྭ་མི་རིགས་ཁྱིམ་ཚང་གཅིག་ལྟར་བརྩེ་བའི’འདུ་ཤེས་ཡུལ་མི་ཚོའི་སེམས་ལ་བརྟན་པོ་ཟུག་པར་བྱས་ཏེ་ཝུའུ་ཤིང་གྲོང་ཚོར་མི་རིགས་མཐུན་སྒྲིལ་གྱི་གཏམ་རྒྱུད་རྒྱུན་མཐུད་རྩོམ་གྱི་ཡིན”ཞེས་ཡུས་ཧྲའོ་རུང་གིས་གསུངས།
“མི་རིགས་ཁག་དབར་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བ་ནི་བཅའ་ཁྲིམས་ཀྱི་བླང་བྱ་ཁ་གསལ་ཞིག་ཡིན་པ་མ་ཟད། སྤྱི་ཚོགས་འཕེལ་རྒྱས་ཀྱི་ལྡོག་མེད་འཕེལ་ཕྱོགས་ཀྱང་ཡིན”ཞེས་ཧོར་རིགས་ཀྱི་རྒྱལ་ཡོངས་སྲིད་གྲོས་ཀྱི་ཨུ་ཡོན་དང་མཚོ་སྔོན་ཞིང་ཆེན་སྤྱི་ཚོགས་ཚན་རིག་ཁང་གི་ཡོན་ཀྲང་གཞོན་པ་ཨེ་ཁྲུང་རུང་གིས་གསུངས་པ་དང་། ཁོང་གིས“མིག་སྔར་མི་རིགས་ཁག་དབར་འགྲོ་སྐྱོད་ཆེན་པོ་དང་མཉམ་འདྲེས་ཆེན་པོའི་འཕེལ་ཕྱོགས་རྒྱུན་ཆད་མེད་པར་ཟབ་ཏུ་འགྲོ་བཞིན་ཡོད། སྒར་རེས་རྣམ་པའི་སྡེ་ཁུལ་གྱི་ཁོར་ཡུག་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་། ས་ཁོངས་བརྒལ་བའི་ལས་ཞུགས་ལས་གཏོད་ཀྱི་སྤྱི་དམངས་ཀྱི་ཁྲིམས་མཐུན་ཁེ་དབང་འགན་སྲུང་བྱེད་པ། མི་རིགས་ས་ཁུལ་དང་ས་ཁུལ་གཞན་དག་གི་མཐོ་རིམ་སློབ་གྲྭའི་དབར་ས་ཁོངས་བརྒལ་ཏེ་སློབ་མ་བསྡུ་བར་རྒྱབ་སྐྱོར་བྱེད་པ་སོགས་ནི་རྒྱལ་ཁབ་འཕེལ་རྒྱས་ཀྱི་དགོས་མཁོ་ཡིན་ལ། ཀྲུང་ཧྭ་མི་རིགས་ལག་གདང་སྦྲེལ་ནས་འབད་འབུངས་མདུན་སྐྱོད་བྱེད་པ་དང་མཛེས་སྡུག་ལྡན་པའི་འཚོ་བ་མཉམ་དུ་གཏོད་ཆེད་སྒུལ་ཤུགས་ཆེན་པོ་གཅིག་ཏུ་བསྒྲིལ་ཐུབ”ཅེས་གསུངས།
ཨེ་ཁྲུང་རུང་གིས་གྲོས་འགོ་བཏོན་པར། མི་རིགས་ལས་དོན་པ་དང་བཅའ་ཁྲིམས་ལས་དོན་པ་སོགས་འབྲེལ་ཡོད་ཁྱབ་ཁོངས་ཀྱི་རིགས་གཅིག་མཁས་ཅན་སྒྲིག་འཛུགས་བྱས་ཏེ་དབང་གྲགས་ལྡན་ལ་བརྒྱུད་རིམ་ཆ་ཚང་བའི་གསལ་འགྲེལ་དང་ཡིག་སྒྱུར་དག་པོ་བྱས་ནས་རྒྱལ་ཁབ་ཀྱི་སྤྱི་སྤྱོད་སྐད་ཡིག་དང་གྲངས་ཉུང་མི་རིགས་སྐད་ཡིག་གི་གསལ་འགྲེལ་ཀློག་དེབ་དུས་ཐོག་ཏུ་དཔེ་སྐྲུན་འགྲེམས་སྤེལ་བྱས་ཏེ་བཅའ་ཁྲིམས་དྲིལ་བསྒྲགས་ཕྱོགས་ཡོངས་ལ་ཁྱབ་པའི་འགན་ལེན་བྱེད་དགོས། བཅའ་ཁྲིམས་ལག་བསྟར་བྱས་ནས་གང་འཚམ་སོང་རྗེས་འབྲེལ་ཡོད་སྡེ་ཚན་དང་རིགས་གཅིག་མཁས་ཅན་དང་མཁས་དབང་དུས་ཐོག་ཏུ་སྒྲིག་འཛུགས་བྱས་ཏེ་བཅའ་ཁྲིམས་ལག་བསྟར་བྱས་ཚུལ་ལ་ཚན་རིག་དང་མཐུན་པའི་དཔྱད་དཔོག་བྱས་ཏེ་བཅའ་ཁྲིམས་དོན་ཐོག་ཏུ་འཁྱོལ་བ་དང་ཕན་འབྲས་དངོས་ཐོན་པའི་འགན་ལེན་བྱེད་དགོས། “ཁྲིམས་སྐྱོང་གི་འགན་སྲུང་འོག་མི་རིགས་མཐུན་སྒྲིལ་ཡར་ཐོན་བྱ་གཞག་གི་སྤྱི་ཚོགས་ཀྱི་རྨང་གཞི་སྔར་བས་རྒྱ་ཆེ་རུ་དང་བརྟན་དུ་འགྲོ་ཐུབ་པའི་ཡིད་ཆེས་ཡོད”ཅེས་ཨེ་ཁྲུང་རུང་གིས་གསུངས།
མཐུན་སྒྲིལ་འབད་འབུངས་ལ་བརྟེན་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལམ་བུ་འདིང་བ།
“ལོ་འདི་དག་རིང་ཏང་དང་སྲིད་གཞུང་གི་སྲིད་ཇུས་དང་། མ་དངུལ། ལག་རྩལ། རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་སོགས་ཐད་ཀྱི་རྒྱབ་སྐྱོར་ལས་གྲོང་ཚོའི་ལི་ཙི་མངར་མོའི་ཐོན་ལས་འཕེལ་རྒྱས་མགྱོགས་ལམ་དུ་སྐྱོད་པར་ཕན་པ་ཐོབ་ཡོད”པུའུ་དབྱི་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་དང་ཀུའེ་ཀྲོའུ་ཞིང་ཆེན་ཀྲེན་ཉིང་པུའུ་དབྱི་རིགས་མེའོ་རིགས་རང་སྐྱོང་རྫོང་ཕྱུག་འགྱུར་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ལུའུ་ཏན་གྱིས་གྲོང་ཚོའི་འཕེལ་རྒྱས་སྐོར་གླེང་སྐབས་གདེང་ཚོད་ཀྱིས་ཁེངས་བཞིན“ཕྱིར་གླ་པར་སྐྱོད་མཁན་གྱི་གཞོན་ནུ་མང་ཆེ་བ་གཅིག་རྗེས་གཉིས་མཐུད་ངང་ཕ་ཡུལ་དུ་ལོག་ནས་ཁྱིམ་གྱི་སྒོ་འགྲམ་དུ་ལས་ཞུགས་ཐུབ་པས་སྐྱིད་སྣང་ཆེན་པོ་འདུག”ཅེས་གསུངས།
ལུའུ་ཏན་གྱིས“བཅའ་ཁྲིམས་དེ་མི་རིགས་ཚང་མ་དང་འབྲེལ་བ་ཡོད་ལ་མི་ཚང་མ་དང་ཡང་འབྲེལ་བ་ཡོད། མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ནང་མི་རིགས་ས་ཁུལ་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་མགྱོགས་སུ་བཏང་ནས་མི་རིགས་ཁག་ཐུན་མོང་ཕྱུག་འགྱུར་ལ་སྐུལ་འདེད་གཏོང་དགོས་ཞེས་ཁ་གསལ་བཏོན་པ་དེས་ཡུལ་མི་ཚོར་སེམས་ཤུགས་ཆེན་པོ་འཕེལ་ཡོད། ང་ཚོའི་གྲོང་ཚོར་པུའུ་དབྱི་རིགས་དང་། རྒྱ་རིགས། མེའོ་རིགས། ལི་རིགས་སོགས་མི་རིགས་མང་པོ་ཡོད་པས་མི་རིགས་མཐུན་སྒྲིལ་ཡར་ཐོན་སྐུལ་སྤེལ་བཅའ་ཁྲིམས་ལས་ང་ཚོ་ལྟ་བུའི་མི་རིགས་མང་པོ་འདུས་སྡོད་ཀྱི་གྲོང་གསེབ་འཕེལ་རྒྱས་ལ་གཡས་གཞོགས་གཡོན་འདེགས་ཐུབ་ནས་ཚང་མས་རིག་པ་གཅིག་ལ་སྒྲིམ་པ་དང་ནུས་ཤུགས་གཅིག་ལ་འདོན་རྒྱུར་སྐུལ་ལྕག་ཐེབས་རྒྱུ་མ་ཟད། མཐུན་སྒྲིལ་འབད་འབུངས་ལ་བརྟེན་ནས་ཐུན་མོང་ཐོག་དར་རྒྱས་གོང་འཕེལ་གྱི་ལམ་བུ་ཞིག་འདིང་ཐུབ་རྒྱུ་རེད”ཅེས་གསུངས།
“ཡུན་ནན་ཞིང་ཆེན་བདེ་ཆེན་བོད་རིགས་རང་སྐྱོང་ཀྲོའུ་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ནི་རི་ཁུལ་དུ་གནས་པས་དཔལ་འབྱོར་འཕེལ་རྒྱས་དེ་སྔ་བལྟོས་བཅས་ཀྱིས་རྗེས་སུ་ལུས་ཡོད། ལོ་འདི་དག་རིང་ང་ཚོས་སྔོ་ལྗང་རི་ཀླུང་དང་ཁྱད་ལྡན་མི་རིགས་རིག་གནས་སོགས་ཐོན་ཁུངས་ཀྱི་ལེགས་ཆར་བརྟེན་ནས་ཡུལ་མི་སྔར་བས་མང་བར‘རིག་གནས་དང་ཡུལ་སྐོར་གྱི་ཡོང་འབབ’བྱུང་ཡོད”ཅེས་ལི་སུའུ་རིགས་ཀྱི་རྒྱལ་ཡོངས་མི་དམངས་འཐུས་ཚོགས་ཀྱི་འཐུས་མི་འབའ་ལུང་ལི་སུའུ་རིགས་རང་སྐྱོང་རྫོང་ཡུལ་སྐོར་གསར་སྤེལ་མ་འཇོག་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོ་ཡུས་ཧྥེ་ཞ་ཡིས་གསུངས།
ཡུས་ཧྥེ་ཞ་ཡིས“ངས་རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་ཀྱི་དགོངས་དོན་གཞི་རིམ་དུ་དྲིལ་བསྒྲགས་བྱས་ཏེ་ཡུལ་མི་ཚོས་ཁྲིམས་སྦྱོང་བ་དང་། ཁྲིམས་སྤྱོད་པ། ཁྲིམས་སྲུང་བ་བཅས་ལ་ཁྲིད་སྟོན་བྱས་ནས་སྐྱེ་ཁམས་ཁོར་ཡུག་དེ་བས་ལེགས་པའི་ངང་སྲུང་སྐྱོང་ཡག་པོ་དང་མི་རིགས་ཀྱི་རིག་གནས་རྒྱུན་འཛིན་ཡག་པོ་བྱེད་པ་དང་། དྲ་ཚོང་ཞབས་ཞུའི་ལས་སྟེགས་ལ་བརྟེན་ནས་ཐོན་རྫས་ཀྱི་འཚོང་ལམ་ཡངས་སུ་བཏང་སྟེ་འཚོ་བ་སྔར་བས་སྐྱིད་པོ་ཡོང་བ་བྱེད་ཀྱི་ཡིན། ས་གནས་ཁག་གིས་ལག་བསྟར་ཞིབ་སྲོལ་ཞིབ་ཚགས་སུ་བཏང་ནས་མི་རིགས་ས་ཁུལ་གྱིས་ཐོན་ཁུངས་ཀྱི་ལེགས་ཆར་གཞི་ཚུགས་པ་དང་དེང་རབས་ཀྱི་ཚན་རིག་ལག་རྩལ་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་སོགས་ཀྱི་ཐད་སྲིད་ཇུས་ཀྱི་མཛུབ་ཁྲིད་དང་རྒྱབ་སྐྱོར་བྱ་རྒྱུའི་རེ་བ་ཡོད”ཅེས་གསུངས་པ་རེད།
འབྲེལ་ཡོད་གསར་འགྱུར།