དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པར་འཕེལ་རྒྱས་ཀྱི་བར་མཐོངས་ཆེན་པོ་གཏོད་པ།
ལྗང་མདོག་འཕེལ་རྒྱས་ནི་ཀྲུང་གོའི་ལུགས་ཀྱི་དེང་རབས་ཅན་གྱི་ཁྱད་ཆོས་མངོན་གསལ་དོད་པའི་རྨང་གཞི་ཞིག་རེད། ཉེ་ཆར་རྒྱལ་ཡོངས་མི་དམངས་འཐུས་ཚོགས་སྐབས་བཅུ་བཞི་པའི་ཚོགས་འདུ་ཐེངས་བཞི་པའི་ཐོག《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་སྐྱེ་ཁམས་ཁོར་ཡུག་གི་ཁྲིམས་གཞུང》ལ་བརྡས་ཐག་བཅད་ནས་གྲོས་འཆམ་བྱུང་བས། ཁྲིམས་སྐྱོང་གི་ལམ་བུར་དུས་རབས་གསར་པའི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་སྐུལ་འདེད་བཏང་ནས་ཀྲུང་ཧྭ་མི་རིགས་ཀྱི་གཏན་འཁྱོངས་འཕེལ་རྒྱས་ཡོང་བར་ཁ་ཕྱོགས་གསལ་སྟོན་བྱས་ཡོད། འདི་ག་ཚགས་པར་གྱི་གསར་འགོད་པའི་བཅར་འདྲི་དང་ལེན་བྱེད་མཁན་རྒྱལ་སྤྱིའི་མི་སྣས“ལོ་ལྔ་ཚན་བཅུ་བཞི་པའི”རིང་། མཛེས་སྡུག་ལྡན་པའི་ཀྲུང་གོའི་རི་བོ་ཇེ་སྔོ་དང་། ཆུ་མོ་ཇེ་དྭངས། མཁའ་རླུང་ཇེ་གཙང་བཅས་སུ་ཕྱིན་ཡོད་པ་དང་། “ལོ་ལྔ་ཚན་བཅོ་ལྔ་པའི”རིང་། ཀྲུང་གོས་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་མགྱོགས་མྱུར་ཆགས་པར་བྱས་ཏེ། ལྗང་མདོག་འཕེལ་རྒྱས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་རྨང་གཞི་བརྟན་དུ་གཏོང་བར་བརྟེན་ནས། མི་དང་རང་བྱུང་ཁམས་ཞི་མཐུན་མཉམ་གནས་ཀྱི་དེང་རབས་ཅན་གྱི་ལེའུ་གསར་པ་ཞིག་བརྩམས་ཏེ་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་མཉམ་དུ་སྐྲུན་པར་དེ་བས་རྒྱ་ཆེ་བའི་འཕེལ་རྒྱས་ཀྱི་བར་མཐོངས་གཏོད་རྒྱུ་རེད་ཅེས་བརྗོད།
“སྐྱེ་ཁམས་སྲུང་སྐྱོང་དང་དཔལ་འབྱོར་འཕེལ་རྒྱས་གཏོང་བ་གཉིས་འགལ་ཟླ་མིན་པས་ཕན་ཚུན་སྐུལ་འདེད་ཀྱིས་གཉིས་ཀར་གྲུབ་འབྲས་ཐོབ་པ་ཞིག་བྱ་ཐུབ་ངེས་རེད”
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་ལྗང་མདོག་ཐཱན་ཉུང་གི་ཕྱོགས་སུ་སྒྱུར་བའི་གོམ་སྟབས་རྒྱུན་ཆད་མེད་པར་ཇེ་མགྱོགས་སུ་བཏང་བས། སྐྱེ་ཁམས་ཁོར་ཡུག་གི་སྤུས་ཚད་རྒྱུན་མཐུད་ལེགས་སུ་ཕྱིན་ནས། ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་སྔར་བས་བརྟན་དུ་འགྲོ་བཞིན་ཡོད་པ་རེད།
“ཀྲུང་གོའི་གནམ་དེ་བས་སྔོ་བ་དང་ཆུ་དེ་བས་དྭངས་བར་གྱུར་ཡོད”ཅེས་ཐེ་ལན་གྱི་ཀྲེང་ཏཱ་དོ་དམ་སློབ་གླིང་ཀྲུང་གོ་དང་ཨེ་ཤེ་ཡ་ཤར་ལྷོའི་མནའ་འབྲེལ་ཞིབ་འཇུག་ལྟེ་གནས་ཀྱི་ཀྲུའུ་རེན་ཐང་ཀྲི་མིན་གྱིས་བརྗོད་པ་དང་། ཁོང་གིས། “རི་བོ་གཉིས”ཀྱི་འདུ་ཤེས་ཀྱིས་འཕེལ་རྒྱས་ཀྱི་ལྟ་བ་བསྐྱར་དུ་བཏོད་ཡོད་ཅིང་། སྐྱེ་ཁམས་དེ“མ་གནས་ཀྱི་རྣམ་གྲངས”ཤིག་ནས“རྒྱུ་ནོར་གྱི་རྣམ་གྲངས”སུ་གྱུར་ཏེ་སྐྱེ་ཁམས་སྲུང་སྐྱོང་དེ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི“རྒྱུ་ནོར་གྱི་རྨང་གཞི”དང་ཡུན་རིང་གི་འགྲན་རྩོད་ནུས་པའི་འབྱུང་ཁུངས་ལྟ་བུར་གྱུར་བའི་ངོས་འཛིན་གྱི་ཡོད་ཅེས་བརྗོད།
“ལྗང་མདོག་ཕྱོགས་སྒྱུར་ཁྱབ་ཁོངས་ཀྱི་ཀྲུང་གོའི་གྲུབ་འབྲས་ཐོབ་པའི་ལག་ལེན་ནི་འཐབ་ཇུས་ཀྱི་འཆར་འགོད་ཁ་གསལ་བཟོས་པ་དང་འབད་བརྩོན་ལྷོད་མེད་བྱས་པའི་ཐུན་མོང་གི་འབྲས་བུ་ཞིག་རེད”
རླུང་གློག་དང་། འོད་ཤུགས། ནུས་རྒྱུ་གསར་པའི་རླངས་འཁོར་སོགས་ཀྱི་ཐོན་རྫས་རྒྱལ་ཁབ་དང་ས་ཁུལ་200ལྷག་ཙམ་ལ་ཕྱིར་གཏོང་བྱས་པ་དང་། གོ་ལ་ཧྲིལ་པོར་70%ཡི་རླུང་གློག་སྒྲིག་ཆས་དང་80%ཡི་འོད་ཤུགས་ལྷུ་ལག་སྒྲིག་ཆས་མཁོ་འདོན་བྱས་ནས། གོ་ལ་ཧྲིལ་པོའི་རླུང་གློག་དང་འོད་ཤུགས་གློག་གཏོང་གི་མ་གནས་60%དང་80%སོ་སོར་ཆག་རྒྱུར་སྐུལ་འདེད་བཏང་ཡོད་པ་རེད། ཀྲུང་གོས་སྐྱེ་ཁམས་སྔོན་ལ་བཞག་ནས་ལྗང་མདོག་འཕེལ་རྒྱས་ཀྱི་ལམ་བུར་བློ་བརྟན་འགྱུར་མེད་ངང་བསྐྱོད་དེ་འཛམ་གླིང་སྐྱེ་བོ་ཀུན་གྱིས་དོ་སྣང་བྱེད་པའི་ལྗང་མདོག་འཕེལ་རྒྱས་ཀྱི་ངོ་མཚར་བཏོད་ཡོད་པ་མ་ཟད། བྱ་སྤྱོད་དངོས་ལ་བརྟེན་ནས་གོ་ལ་ཧྲིལ་པོའི་སྐྱེ་ཁམས་བཅོས་སྐྱོང་དང་། དེ་བས་ཀྱང་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པར་ཀྲུང་གོའི་བློ་གྲོས་དང་ཀྲུང་གོའི་ཇུས་གཞི་སྐྱེས་སུ་ཕུལ་ཡོད།
ཀྲུང་གོར་འཚམས་འདྲིར་ཐེངས་མང་ཡོང་མྱོང་བའི་ལྷོ་ཨ་ཧྥེ་རི་ཁའི་ཁའེ་ཧྥུའུ་ཕྱེད་གླིང་ཚོང་ཚོགས་ཀྱི་ཀྲུའུ་ཞི་ཧྥར་ཧ་ནཱ·ཕ་ལུའུ་ཁེས་ཀྲུང་གོའི་ཁོར་ཡུག་བཅོས་སྐྱོང་ལ་ཐོབ་པའི་ཕན་འབྲས་ལ་ཡི་རངས་ཞུ་བཞིན་ཡོད་པ་རེད། “ཀྲུང་གོས་དུས་ཐུང་ནང་ཁོར་ཡུག་སྦགས་བཙོག་གི་གནད་དོན་ཐག་གཅོད་ནུས་ལྡན་ཐུབ་ཡོད། དེ་ལས་ཀྲུང་གོས་ཁོར་ཡུག་གི་གནད་དོན་བཅོས་སྒྲིག་བྱེད་པའི་ཆོད་སེམས་བརྟན་པོ་དང་བྱ་སྤྱོད་ཀྱི་སྟོབས་ཤུགས་ཆེན་པོ་མཚོན་གྱི་ཡོད”ཅེས་ཕ་ལུའུ་ཁེས་བརྗོད་པ་དང་། ཁོང་གིས། ཀྲུང་གོས“སྐྱེ་ཁམས་ཁོར་ཡུག་ལ་སྲུང་སྐྱོང་བྱེད་པ་་ནི་ཐོན་སྐྱེད་ནུས་ཤུགས་ལ་སྲུང་སྐྱོང་བྱེད་པ་ཞིག་རེད”ཅེས་ནན་བཤད་གནང་བས་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ལ་སྐྱེ་ཁམས་དང་དཔལ་འབྱོར་མཐུན་སྦྱོར་ངང་འཕེལ་རྒྱས་གཏོང་བར་ཀྲུང་གོའི་ཇུས་གཞི་བཏོན་ཡོད་པའི་ངོས་འཛིན་བྱེད་ཀྱི་ཡོད།
“ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཡོད”
ཉེ་བའི་ལོ་ཤས་རིང་། ཀྲུང་གོས་རང་ངོས་ཀྱི་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་ལ་ཤུགས་སྣོན་བརྒྱབ་པ་དང་དུས་མཚུངས་སུ། བྱ་སྤྱོད་དངོས་ལ་བརྟེན་ནས་ཕྱོགས་ཁག་དང་མཉམ་དུ་དྭངས་གཙང་དང་མཛེས་སྡུག་ལྡན་པའི་འཛམ་གླིང་སྐྲུན་པར་སྐུལ་འདེད་བཏང་ཡོད།
“ཀྲུང་གོའི་གློག་སྒུལ་སྦག་སྦག་ལྷོ་ཨ་ཧྥེ་རི་ཁའི་ཁྲོམ་རར་བཏོན་པ་དེས་ལྷོ་ཨ་ཧྥེ་རི་ཁ་བ་ཚོའི་ཕྱིར་སྐྱོད་ཀྱི་གདམ་ག་ཕུན་སུམ་ཚོགས་སུ་ཕྱིན་པ་མ་ཟད། ལྷོ་ཨ་ཧྥེ་རི་ཁའི་འབྲེལ་ཡོད་ཐོན་ལས་ཀྱི་སྲིད་ཇུས་དོན་འཁྱོལ་ལའང་རོགས་འདེད་ཐུབ་ནས་ལྷོ་ཨ་ཧྥེ་རི་ཁའི་རླངས་འཁོར་ཐོན་ལས་གོ་ལ་ཧྲིལ་པོའི་ཁྲོམ་རར་ཁྱབ་རྒྱུར་སྟོབས་ཤུགས་སྐྱེས་སུ་ཕུལ་ཡོད”ཅེས་ཕ་ལུའུ་ཁེས་བརྗོད་པ་དང་། ཁོང་གིས“ཀྲུང་གོ་ནི་གོ་ལ་ཧྲིལ་པོའི་ལྗང་མདོག་འཕེལ་རྒྱས་ཀྱི་གཙོ་ཁྲིད་སྟོབས་ཤུགས་ཤིག་རེད། ལྗང་མདོག་འཕེལ་རྒྱས་ཁྱབ་ཁོངས་ཐད་ཀྱི་ཀྲུང་གོའི་ཉམས་མྱོང་དེ་གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་རྒྱལ་ཁབ་ཀྱིས་དཔྱད་གཞིར་འཛིན་རིན་ཡོད”ཅེས་ནན་བཤད་བྱས།
མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་ཀྲུང་གོའི་ལྷོ་ལྷོ་མཉམ་ལས་ཀྱི་འཆར་གཞིའི་རྒྱབ་སྐྱོར་འོག མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི“གོ་ལ་ཧྲིལ་པོའི་ལྷོ་ཕྱོགས་ཀྱི་ཞིང་ས་རྒྱུན་མཐུད་ཆོག་པའི་དོ་དམ་ནུས་པ་ཆེར་གཏོང”གི་རྣམ་གྲངས་མོང་གོལ་རྒྱལ་ཁབ་ཏུ་ལག་ལེན་སྟར་བཞིན་ཡོད། མོང་གོལ་རྒྱལ་ཁབ་ཏུ་བཅའ་སྡོད་མཉམ་འབྲེལ་རྒྱལ་ཚོགས་འབྲུ་རིགས་དང་ཞིང་ལས་རྩ་འཛུགས་ཀྱི་འཐུས་མི་ཏེའོ་ཆིང་ཡུན་གྱིས། ཀྲུང་གོས“བྱང་གསུམ”ལས་གྲྭ་དང་། རང་བྱུང་ནགས་ཚལ་སྲུང་སྐྱོང་ལས་གྲྭ རྨོ་བསྐྱུར་ནགས་གསོ་དང་རྩྭ་གསོའི་ལས་གྲྭ་སོགས་ལ་བརྟེན་པས་ས་ཞིང་ཉམས་ཞན་དུ་ཕྱིན་པའི་གནས་ཚུལ་ཐོན་མེད་པ་མ་ཟད། ད་དུང་གོ་ལ་ཧྲིལ་པོའི་ཁོར་ཡུག་བཅོས་སྐྱོང་ནང་ཧུར་ཐག་ཞུགས་པ་དང་རྒྱལ་ཁབ་ཁག་ལ་རོགས་རམ་བྱས་ནས་སྐྱེ་ཁམས་ཁོར་ཡུག་གི་འགྲན་སློང་ལ་ཁ་གཏད་ཀྱང་བཅག་ཡོད།“འབྱུང་འགྱུར་ཐང་རྒོད་ཅན་འགོག་བཅོས་སོགས་ཁྱབ་ཁོངས་སུ་མོང་གོལ་རྒྱལ་ཁབ་ཚུད་པའི་འཕེལ་རྒྱས་འགྲོ་བཞིན་པའི་རྒྱལ་ཁབ་ཀྱིས་ཀྲུང་གོའི་འབྲེལ་ཡོད་ཉམས་མྱོང་དེ་བས་མང་བ་དཔྱད་གཞིར་བཟུང་ནས། དེ་བས་མཉེན་ཆ་ལྡན་པ་དང་དེ་བས་རྒྱུན་མཐུད་ཆོག་པའི་སྐྱེ་ཁམས་ཁོར་ཡུག་མ་ལག་ཅིག་འཛུགས་རྒྱུར་སྐུལ་འདེད་གཏོང་དགོས”ཞེས་བརྗོད་པ་རེད།
འབྲེལ་ཡོད་གསར་འགྱུར།