“འདྲ་མཉམ་མེད་རིགས་མེད་པར་བཟོས་ནས་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་རི་ནེ་ཝར་འཚོགས་པ།
ཤིན་ཧྭ་གསར་འགྱུར་ཁང་གྲོང་ཁྱེར་རི་ནེ་ཝ་ནས་གློག་འཕྲིན་འབྱོར་གསལ། མཉམ་འབྲེལ་རྒྱལ་ཚོགས་འགྲོ་བ་མིའི་ཐོབ་ཐང་ལས་འཛིན་ལྷན་ཚོགས་ཀྱི་སྐབས་61པའི་ཚོགས་འདུ་འཚོག་རིང་། ཀྲུང་གོའི་འགྲོ་བ་མིའི་ཐོབ་ཐང་འཕེལ་རྒྱས་ཐེབས་རྩ་ལྷན་ཚོགས་ཀྱིས“འདྲ་མཉམ་མེད་རིགས་མེད་པར་བཟོས་ནས་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་དགོས”ཞེས་པའི་བརྗོད་དོན་གཙོ་བོའི་ཟུར་ཚོགས་འཚོགས་ཤིང་། ཀྲུང་ཕྱིའི་མི་སྣས་དེ་བས་གཞུང་དྲང་དང་བསྟུན་མཁས་ཀྱི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་རྒྱུ་དང་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པར་སྐུལ་འདེད་གཏོང་རྒྱུ་སོགས་ཀྱི་གྲོས་གཞིར་དམིཌ་ནས་སྤེལ་རེས་དང་བགྲོ་གླེང་གཏིང་ཟབ་བྱས་པ་རེད།
ཀྲུང་གོ་སྤྱི་ཚོགས་ཚན་རིག་ཁང་རྒྱལ་སྤྱིའི་བཅའ་ཁྲིམས་ཞིབ་འཇུག་ཁང་རྒྱལ་སྤྱིའི་འགྲོ་བ་མིའི་ཐོབ་ཐང་བཅའ་ཁྲིམས་ཞིབ་འཇུག་ཁང་གི་ཀྲུའུ་རེན་གཞོན་པ་ཧའོ་ལུའུ་དབྱི་ཡིས། འཕེལ་རྒྱས་ཀྱི་གོ་སྐབས་ཆ་སྙོམས་ཡོང་བར་བྱ་རྒྱུ་ནི་འཕེལ་རྒྱས་ཀྱི་དབང་ཆ་མངོན་འགྱུར་བྱེད་པའི་སྲོག་ཤིང་ཡིན་པས། ཀུན་ཕན་བསྟུན་མཁས་ཀྱི་འཕེལ་རྒྱས་འདུ་ཤེས་བཅངས་ནས་རྒྱལ་སྤྱིའི་མཉམ་ལས་ལ་སྐུལ་འདེད་བཏང་སྟེ། འཕེལ་རྒྱས་ཀྱི་དབང་ཆ་དེ་གནས་སྤོས་ཡུལ་མི་དང་ཉམ་ཐག་མི་འཁྱར་སོགས་གོ་ལ་ཧྲིལ་པོའི་རང་བཞིན་གྱི་འགྲན་སློང་ལ་ཁ་གཏད་གཅོག་རྒྱུ་དང་ཟུང་འབྲེལ་བྱས་ནས། དེ་བས་དྲང་གཞག་དང་ལུགས་མཐུན་གྱི་སྒོ་ནས་གོ་ལ་ཧྲིལ་པོ་འཕེལ་རྒྱས་ཡོང་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་པ་རེད།
ཅི་ལིན་སློབ་ཆེན་ཁྲིམས་ལུགས་སློབ་གླིང་གི་དགེ་རྒན་ཆེ་མོ་བ་གཞོན་པ་ཝུའེ་ཞའོ་ཤུས་ཀྱིས། ཀྲུང་གོས་རྒྱལ་ཁབ་ཀྱི་འགྲོ་བ་མིའི་ཐོབ་ཐང་གི་བྱ་སྤྱོད་འཆར་གཞི་མུ་མཐུད་འགོད་པ་དང་དོན་འཁྱོལ་བྱས་ཏེ། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་འདུ་ཤེས་་བརྒྱུད་རིམ་རང་བཞིན་ལྡན་པ་དང་བཀོལ་སྤྱོད་ཆོག་པའི་སྲིད་ཇུས་ལག་ལེན་ལ་བསྒྱུར་ནས་དབུལ་པོ་ཉུང་གཏོང་དང་། ཚན་རྩལ་འཕེལ་རྒྱས། དམངས་འཚོ་ལེགས་གཏོང་སོགས་ཐད་དགེ་མཚན་ལྡན་པའི་འཕེལ་རྒྱས་ཡོང་བར་བྱེད་དགོས་ཞེས་བསྟན་པ་རེད།
ཀྲུང་གོ་བོད་རིག་པ་ཞིབ་འཇུག་ལྟེ་གནས་སྤྱི་ཚོགས་དཔལ་འབྱོར་ཞིབ་འཇུག་སུའོ་ཡི་སུའོ་ཀྲང་གཞོན་པ་དབྱང་ཐའོ་ཡིས། ཀྲུང་གོའི་བོད་ཀྱིས་འགྲིམ་འགྲུལ་དང་སྤྱི་པའི་ཞབས་ཞུ་ལེགས་སུ་གཏོང་བ་དང་། ལྗང་མདོག་ཐོན་ལས་འཕེལ་རྒྱས་གཏོང་བ། སྐྱེ་ཁམས་ཀྱི་ཁ་གསབ་ཤུགས་ཆེར་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་དེ། དབུལ་པོ་ཉུང་གཏོང་དང་སྐྱེ་ཁམས་སྲུང་སྐྱོང་གཉིས་མཐུན་སྦྱོར་འཕེལ་རྒྱས་ཡོང་བར་སྐུལ་འདེད་བཏང་བས། གྲོང་མིའི་ཡོང་འབབ་རྒྱུན་མཐུད་ངང་འཕར་བ་མ་ཟད། འཕེལ་རྒྱས་ལ་བརྟེན་ནས་འགྲོ་བ་མིའི་ཐོབ་ཐང་ལ་སྐུལ་འདེད་གཏོང་བའི་ལག་ལེན་གྱི་ཐབས་ལམ་གསོན་ཉམས་དོད་པོས་མངོན་པར་བྱས་ཡོད་ཅེས་ངོ་སྤྲོད་བྱས་པ་རེད།
འབྲེལ་ཡོད་གསར་འགྱུར།