དབུ་ཤོག>གསར་འགྱུར།>རྒྱལ་ནང་།རྒྱལ་སྤྱི།>རྒྱལ་སྤྱི།
  • ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དང་པོ་འཚོགས་པ།

  • ཡོང་ཁུངས།  མི་དམངས་ཉིན་རེའི་ཚགས་པར།    |     སྤེལ་དུས།  2026-03-20

    ཚེས་16ཉིན། ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་ཕྱི་འབྲེལ་དང་། རྒྱལ་སྲུང་། སྤྱི་བདེ་བཅས“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དང་པོ་ཧ་ནོ་དབྱི་རུ་འཚོགས་ཤིང་། ཕྱི་འབྲེལ་པུའུ་ཀྲང་ཝང་དབྱི་དང་། སྤྱི་བདེ་པུའུ་ཀྲང་ཝང་ཞའོ་ཧུང་། རྒྱལ་སྲུང་པུའུ་ཀྲང་ཏུང་ཅུན་བཅས་ཀྱིས་ཝེ་ཐེ་ནམ་གྱི་ཕྱི་འབྲེལ་པུའུ་ཀྲང་ལི་ཧོའེ་ཀྲུང་དང་། རྒྱལ་སྲུང་པུའུ་ཀྲང་ཕན་ཝུན་ཅང་། སྤྱི་བདེ་པུའུ་ཀྲང་ལིའང་སན་ཀོང་བཅས་དང་མཉམ་དུ་ཚོགས་འདུ་གཙོ་སྐྱོང་བྱས་པ་རེད། ཕྱོགས་གཉིས་པོས“འཕེལ་རྒྱས་དང་བདེ་འཇགས་ལ་སྤྱི་འདོམས་བྱས་ཏེ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་བུར་ཡག་པོ་བསྐྱོད་ནས། ལག་གདང་སྦྲེལ་ཏེ་ཐུན་མོང་གི་འགྲན་སློང་ལ་ཁ་གཏད་གཅོག”ཅེས་པའི་བརྗོད་དོན་གཙོ་བོར་དམིགས་ཏེ། རྒྱལ་སྤྱིའི་དུས་བབ་ཀྱི་འགྱུར་ལྡོག་འཕེལ་རྒྱས་དང་དེ་བཞིན་ཆབ་སྲིད་ཀྱི་བདེ་འཇགས་སྲུང་སྐྱོང་དང་འགོག་སྲུང་ཁྲིམས་སྒྱུར་མཉམ་ལས་སོགས་ཀྱི་གྲོས་དོན་ལ་གཙོ་བོར་དམིགས་ནས་བསམ་འཆར་བརྗེ་རེས་བྱས་པས་རྒྱ་ཁྱབ་ཀྱི་ཐུན་མོང་ངོས་འཛིན་ཞིག་ཆགས་ཡོད་པ་རེད།

    ཝང་དབྱི་ཡིས་བརྗོད་དོན། ན་ནིང་སྤྱི་ཁྱབ་ཧྲུའུ་ཅི་དང་རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་ཝེ་ཐེ་ནམ་དུ་རྒྱལ་དོན་འཚམས་འདྲི་གནང་བར་ཕེབས་སྐབས། ཝེ་ཐེ་ནམ་གྱི་འགོ་ཁྲིད་པ་དང“3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་འཚོག་རྒྱུའི་ཐད་ཐུན་མོང་གི་ངོས་འཛིན་གལ་ཆེན་ཆགས་ཡོད། ལམ་སྲོལ་འདི་ནི་ཕྱོགས་གཉིས་པོས་གོ་ལ་ཧྲིལ་པོར་ཐོག་མར་གཏོད་པའི་འཐབ་ཇུས་འབྲེལ་གཏུག་གི་ལས་སྟེགས་གལ་ཆེན་ཞིག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་བྱ་ཐབས་གལ་ཆེན་ཞིག་ཡིན་ཞིང་། འདིའི་དམིགས་ཡུལ་ནི་ཆབ་སྲིད་ལམ་ལུགས་ཀྱི་བདེ་འཇགས་སྲུང་སྐྱོང་དང་འཐབ་ཇུས་མཉམ་ལས་ཇེ་ཟབ་ཏུ་གཏོང་རྒྱུའི་ཆེད་དུ་ཡིན་པས། དེ་ནི་ཀྲུང་ཝེའི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་སྐུལ་འདེད་གཏོང་བའི་ལུགས་མཐུན་གྱི་བྱ་སྤྱོད་ཅིག་ཡིན་ལ། འཛམ་གླིང་གི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དར་རྒྱས་གཏོང་ཆེད་དགོས་ངེས་ཀྱི་བྱ་སྤྱོད་ཅིག་ཀྱང་ཡིན། དེ་ལས་ཏང་གཉིས་དང་རྒྱལ་ཁབ་གཉིས་པོའི་ཆུ་ཚད་མཐོ་བའི་འབྲེལ་བ་དང་འཐབ་ཇུས་རང་བཞིན་གང་ལེགས་མངོན་ཡོད།

    ཝང་ཞའོ་ཧུང་གིས་བརྗོད་དོན། རྒྱལ་ཁབ་གཉིས་པོའི་སྤྱི་བདེ་སྡེ་ཚན་གྱིས“དེ་བས་དྲུག”གི་སྤྱི་ཡོངས་ཀྱི་དམིགས་ཚད་ལ་དམིགས་ཏེ། ཆབ་སྲིད་ཀྱི་བདེ་འཇགས་གཙོ་བོར་བྱ་རྒྱུ་མཐའ་འཁྱོངས་ཀྱིས“ཚོས་གཞིའི་གསར་བརྗེར”དེ་བས་ལེགས་པའི་སྒོ་ནས་ཉེན་ཟོན་དང་འགོག་སྲུང་བྱེད་དགོས་པ་དང་། འཐབ་ཇུས་འཆར་འགོད་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་མཉམ་ཤུགས་ཆེན་པོ་སྔར་བས་གཅིག་ཏུ་སྒྲིལ་དགོས། མི་དམངས་ཀྱི་ཁེ་ཕན་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་ཀྱིས་དངོས་སྒྲུབ་མཉམ་ལས་ཀྱི་གྲུབ་འབྲས་དེ་བས་མང་བ་བརྩོན་ལེན་བྱས་ནས། རྒྱལ་ཁབ་གཉིས་པོའི་རང་སོ་སོའི་སྤྱི་ཚོགས་རིང་ལུགས་ཀྱི་བྱ་གཞག་དང་འཐབ་ཇུས་ཀྱི་དོན་སྙིང་ལྡན་པའི་ཀྲུང་ཝེ་རྒྱལ་ཁབ་གཉིས་ཀྱི་ལས་དབང་གཅིག་མཐུན་ཚོགས་པ་འཛུགས་པར་ཞབས་འདེགས་དེ་བས་ལེགས་པ་ཞུ་དགོས།

    ཏུང་ཅུན་གྱིས་བརྗོད་དོན། སྔར་བྱུང་མྱོང་མེད་པའི་ཕྱི་ཕྱོགས་ཀྱི་བདེ་འཇགས་ཉེན་ཁའི་འགྲན་སློང་གི་མདུན་དུ། ཀྲུང་ཝེའི་དམག་དཔུང་གཉིས་པོས། ངེས་པར་དུ་ཏང་གཉིས་ཀྱི་ཆེས་མཐོའི་འགོ་ཁྲིད་པའི་ཁྲིད་སྟོན་འོག་ལག་གདང་སྦྲེལ་ཏེ་འགོག་སྲུང་ལས་དོན་གྱི་བདེ་འཇགས་སྲུང་རགས་བརྟན་པོ་སྐྲུན་དགོས།

    ཝེ་ཐེ་ནམ་ཕྱོགས་ཀྱིས་བརྗོད་དོན། ཝེ་ཐེ་ནམ་གྱིས་ཐོག་མཐའ་བར་གསུམ་དུ་ཀྲུང་གོ་དང་འབྲེལ་བ་བརྟན་པོ་འཛུགས་པ་དང་འཕེལ་རྒྱས་གཏོང་རྒྱུ་དེ་ཕྱི་ཕྱོགས་སྲིད་ཇུས་ཀྱི་གལ་ཆེན་ནང་གི་འགངས་ཆེན་དང་འཐབ་ཇུས་ཀྱི་གདམ་ག་ཞིག་ཏུ་བརྩིས་ཏེ། ཀྲུང་གོ་གཅིག་གི་སྲིད་ཇུས་བློ་བརྟན་འགྱུར་མེད་ངང་བརྩི་སྲུང་ཞུས་ནས། ཀྲུང་གོ་ཕྱོགས་ཀྱི་ལྟེ་བའི་ཁེ་ཕན་དང་འབྲེལ་བའི་གནད་དོན་ཐད་རྒྱབ་སྐྱོར་མཐའ་གཅིག་ཏུ་བྱེད་ཀྱི་ཡོད། ཀྲུང་གོ་ཕྱོགས་དང་ལག་གདང་སྦྲེལ་ནས་མཉམ་དུ་བསྐྱོད་དེ་མཐོ་རིམ་འགྲོ་འོང་ལ་གྲ་སྒྲིག་ཡག་པོ་བྱེད་པ་དང་། ཁྱབ་ཁོངས་ཁག་གི་མཉམ་ལས་ལ་སྐུལ་འདེད་གཏོང་བ། ཕྱོགས་མང་མཐུན་སྦྱོར་མཉམ་ལས་ཟབ་ཏུ་གཏོང་བ་བཅས་བྱས་ནས། མཉམ་དུ་ཝེ་ཀྲུང་རྒྱལ་ཁབ་གཉིས་པོའི་ཕྱོགས་ཡོངས་ཀྱི་འཐབ་ཇུས་རོགས་ཟླའི་འབྲེལ་བའི་ཆུ་ཚད་དེ་བས་མཐོ་རུ་གཏོང་འདོད་ཡོད།

    ཕྱོགས་གཉིས་པོས་མགྲིན་གཅིག་ཏུ་བརྗོད་དོན། “3+3”གྱི་འཐབ་ཇུས་གླེང་མོལ་ལམ་སྲོལ་གྱི་པུའུ་ཀྲང་རིམ་པའི་ཚོགས་འདུ་ཐེངས་དང་པོ་ཐུགས་གྲ་ལེགས་འགྲིག་བྱུང་བ་ལས། ཀྲུང་ཝེ་རྒྱལ་ཁབ་གཉིས་པོའི་འཐབ་ཇུས་འབྲེལ་གཏུག་མཉམ་ལས་ལ་ལས་སྟེགས་གསར་པ་བསྐྲུན་ནས་སྐས་རིམ་གསར་པར་སླེབས་པ་དང་ཆུ་ཚད་གསར་པ་བཏོད་པ་མཚོན་གྱི་ཡོད།

    འགན་འཁུར་རྩོམ་སྒྲིག་པ། ནོར་བུ་གཡུ་སྒྲོན།

འབྲེལ་ཡོད་གསར་འགྱུར།