དཔྱིད་དཔལ་རབ་ཏུ་བཞད། བོད་ལྗོངས་ཀྱི་ཞིང་ཁུལ་དུ་དཔྱིད་རྨོད་མཛད་སྒོ་གཉེར་བའི་མཐོང་ཐོས།
ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་གསལ། བོད་ཟླ་དང་པོའི་ཚེས་28ཉིན་བོད་ཀྱི་ཞིང་ཁུལ་དུ་ལོ་གཅིག་དུས་གཅིག་གི་དཔྱིད་རྨོད་གཉའ་གཅོག་གི་མཛད་སྒོ་འཚོགས་ཤིང་། ཉིན་དེའི་སྔ་དྲོའི་ཆུ་ཚོད་10པ་ཡོལ་ཙམ་ལ་ཡར་ཀླུང་གཙང་པོའི་ངོགས་ཀྱི་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྐྱེད་པ་ཤང་སྐྱེད་པ་གྲོང་ཚོའི་ཡུལ་མི་200ལྷག་ཙམ་གྱིས་ལུས་ལ་གཟབ་མཆོར་ལེཌ་པར་སྤྲས་ཏེ་ཞིང་ནང་དང་མུ་ཁར་འཛོམས་ནས་མཛད་སྒོ་གཟབ་རྒྱས་དེར་བསུ་བ་ཞུས་པ་རེད།
དཔྱིད་རྨོད་མཛད་སྒོ་ནི་བོད་ཀྱི་ཞིང་ཁུལ་གྱི་དམངས་སྲོལ་བྱེད་སྒོ་གལ་ཆེན་ཞིག་ཡིན་པ་དང་སྤྱིར་བཏང་བྱས་ན་བོད་ཀྱི་གནམ་རིག་སྐར་རྩིས་གཞིར་བཟུང་མཛད་སྒོ་འཚོག་པའི་དུས་ཚོད་གཏན་འཁེལ་བྱེད་ཀྱི་ཡོད།
1961ལོའི་དཔྱིད་ཀར། ས་ཆ་དེར་དམིགས་བསལ་གྱི་དཔྱིད་རྨོད་ཐེངས་གཅིག་བྱེད་མྱོང་ཡོད། སྐབས་དེ་དུས་ཡར་ལངས་ཞིང་བྲན་དུད་ཚང་11ལ་ཐོན་སྐྱེད་ཡོ་ཆས་ཐོང་གཤོལ་རྙིང་པ་2དང་། ཤ་ལ་རྙིང་པ་3 རྨོན་མཛོ་3བཅས་ལས་མེད། ཁོ་ཚོས་རང་འགུལ་ངང“རོགས་རེས་ཚོགས་ཆུང”བཙུགས་ནས་ས་ཞིང་མུའུ་93རྨོ་འདེབས་བྱས་པ་རེད།
ལོ་65ཡི་རྗེས་ཀྱི་དེ་རིང་། ས་ཆ་དེ་རང་ཐོག་འདྲུད་འཐེན་འཕྲུལ་འཁོར་8ལ་དར་ཚོན་བཏགས་པ་དང་གྲལ་སྟར་འགྲིག་པོས་བཞག་ཡོད་ཅིང་། གཟབ་མཆོར་ལེགས་པར་སྤྲས་པའི་འདྲུད་འཐེན་འཕྲུལ་འཁོར་ཁ་ལོ་བ་ཚོ་ཞིང་འཕྲུལ་གྱི་མདུན་དུ་ལངས་ནས་ཡུལ་མི་ཚོས་འཕྲུལ་འཁོར་དང་ཁ་ལོ་བ་ཚོར་ཁ་བཏགས་གཡོག་པ་དང་སྨོན་འདུན་བཟང་པོ་ཞུ་བའི་རྣམ་པ་ཧ་ཅང་འཁྲུག་པོ་ཡོད།
སྔ་དྲོའི་ཆུ་ཚོད་11དང་སྐར་མ་30ཡི་ཐོག་སྐྱེད་པ་གྲོང་ཚོའི་ཏང་ཀྲི་པུའི་ཧྲུའུ་ཅི་ཟླ་བས་མཛད་སྒོ་འགོ་ཚུགས་པའི་ཁྱབ་བསྒྲགས་བྱས།
དཔྱིད་རྨོད་མཛད་སྒོ་གཉེར་སའི་ས་ཞིང་དེ་ནི་ལུས་རྩལ་ཐང་དང་ཆེ་ཆུང་མཉམ་པའི་ས་ཞིང་ཞིག་རེད། ཐང་གཤོང་ས་ཁུལ་ལ་མཚོན་ན། ས་ཞིང་དེ་ནི་དེ་ཙམ་ཆེན་པོ་ཞིག་མིན་མོད། འོན་ཀྱང་རི་མཐོ་གྲོག་རོང་བར་ཆགས་པའི་སྐྱེད་པ་གྲོང་ཚོར་མཚོན་ན། དེ་ནི་མིང་དོན་མཚུངས་པའི“ས་ཞིང་ཆེན་པོ”ཞིག་རེད།
ཡུལ་མི་ཚེ་རིང་གིས“ང་ཚོའི་ཁྱིམ་ལ་ཁྱོན་ས་ཞིང་མུའུ་21ཡོད་པ་དང་དེ་སྔ་ས་ཞིང་ཆུང་ངུ་19ལ་བགོས་པས་ཁག་གཅིག་གི་ཆེ་ཆུང‘སྦར་མཐིལ་ཙམ་ལས་མེད’ཉེ་བའི་ལོ་ཤས་རིང་ཚད་གཞི་མཐོ་བའི་ཞིང་ཁ་འཛུགས་སྐྲུན་བྱས་པ་བརྒྱུད། ཁྱིམ་གྱི་ས་ཞིང་ཆུང་ངུ་དག་ས་ཞིང་ཆེན་པོ་3དུ་ཟླ་སྒྲིལ་བཏང་སྟེ་ཆུ་ཡུར་འདྲུས་པ་དང་ས་རྒྱུ་གཤིན་དུ་བཏང་བས་ཞིང་ལས་ཐོན་སྐྱེད་ལ་སྟབས་བདེ་ཆེན་པོ་བྱུང་སོང”ཞེས་བཤད།
“གྲོང་ཚོ་ཡོངས་ཀྱི་ས་ཞིང་མུའུ་2018ནང་ནས་ཕྱེད་ཀ་ལྷག་ཙམ་ཡུག་འབྲེལ་གྱི་ཚད་གཞི་མཐོ་བའི་ཞིང་ཁར་བཅོས་པ་དང་འཕྲུལ་ཆས་ཀྱིས་ཉིན་བཅུ་གྲངས་ལ་རྨོས་ཚར་གྱི་ཡོད། ཡུལ་མི་ཚོ་ཕྱིར་གླ་པ་དང་སྐྱེལ་འདྲེན་བྱེད་པར་སྐྱོད་པའི་དུས་ཚོད་མང་དུ་ཕྱིན་ཡོད། 2025ལོར་གྲོང་ཚོ་ཡོངས་ཀྱི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་ཁྲི་2.7ཟིན་ཡོད”ཅེས་ཟླ་བས་བཤད།
འདྲུད་འཐེན་འཕྲུལ་འཁོར་རེའི་རྒྱབ་ཏུ་གཞོན་ནུ་མ་རེ་ཡོད་པ་དང་། ཁོང་ཚོས་བྱང་གོམས་ཆེན་པོས་གོམ་པ་རེར་རྣང་མའི་ནང་སོན་སྦར་མོ་གང་རེ་གཏོར་གྱི་ཡོད། ལོ་74ལ་སླེབས་པའི་ཡུལ་མི་འཕྲིན་ལས་ཆོས་སྒྲོན་གྱིས་བུ་མོ་དེ་དག་ལ་ལྟ་བཞིན་མྱོང་ཚོར་ཟབ་མོས“ལོ་ན་གཞོན་དུས་ང་ཡང་ལས་ཀ་འདི་བྱང་ཆུབ་པ་ཞིག་ཡོད། སྐབས་དེ་དུས་ཀྱི་སོན་ནི་རང་ཁྱིམ་གྱི་ཐོན་འབབ་དམའ་བའི་ནས་སོན་རེད། ཡིན་ནའང་ལོ་ལེགས་ཡོང་རེ་བྱེད་པའི་སྤྲོ་སྣང་ཁོང་ཚོ་ལས་ཆུང་བ་མེད”ཅེས་རྒན་མོས་དགའ་སྤྲོའི་ངང་བཤད།
ལྷོ་ཁ་ནི་བོད་ཀྱི་ཞིང་ལས་ཐོན་སྐྱེད་ཁུལ་གལ་ཆེན་དང་འབྲུ་རིགས་ཐོན་ཁུལ་གཙོ་བོ་ཞིག་ཡིན་ཞིང་། ཆ་སྙོམས་ས་བབ་སྨི་3700ཟིན་པ་དང་གནམ་གཤིས་དྲོ་གྲང་འཚམ་ལ་ས་རྒྱུ་གཤིན་པས་ནས་བཏབ་པའི་ལོ་རྒྱུས་ཡུན་རིང་ལྡན་ཡོད།
ད་ལོ་སྐྱེད་པ་གྲོང་ཚོས་ནས་ཞིང་མུའུ་800ལྷག་ཙམ་འདེབས་རྩིས་ཡོད་པ་དང་སྲིད་གཞུང་གིས་རིན་མེད་མཁོ་འདོན་བྱས་པའི“བོད་ནས་ཨང་3000”བེད་སྤྱོད་གཏོང་རྩིས་ཡོད་པ་རེད། ཟླ་བས་ངོ་སྤྲོད་བྱས་པར་གཞིགས་ན།“བོད་ནས་ཨང་3000”དེར་མཐོ་གྲང་འགོག་ནུས་དང་འགྱེལ་འགོག་ནུས་པ་ལྡན་པ་དང་མུའུ་རེའི་ཐོན་འབབ་རྒྱ་མ་800ཙམ་ཟིན་གྱི་ཡོད་པས་སྐྱེད་པ་གྲོང་ཚོ་ལྟ་བུའི་ས་མཐོའི་ཞིང་ཁུལ་ལ་འདེབས་རྒྱུར་འཚམ་པོ་ཡོད།
ཉིན་དགུང་གི་ཆུ་ཚོད་12དང་སྐར་མ་30ཡི་ཐོག གྲོང་ཚོ་ཡོངས་ཀྱི་ཕོ་མོ་རྒན་གཞོན་ཚོས་ཞིང་ཁའི་མཐའ་ནས་བསྐོར་ཏེ་དགའ་སྤྲོའི་སྒོར་གཞས་འཁྲབ་ཅིང་། ལོ་ལེགས་ཡོང་བའི་སྨོན་འདུན་ཞུ་བའི་ཁྲོད་དུ་དཔྱིད་རྨོད་མཛད་སྒོ་མཇུག་འགྲིལ་བ་རེད།
བོད་རང་སྐྱོང་ལྗོངས་ཞིང་ལས་དང་གྲོང་གསེབ་ཐིང་གི་གྲངས་གཞི་ལས་མངོན་པར། 2025ལོར་བོད་ཀྱི་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་233.4ཟིན་པ་དང་ནས་ཀྱི་ཐོན་འབབ་ཏུན་ཁྲི་90ལས་ཐོག་མར་བརྒལ་ཡོད། ད་ལོ་བོད་ཀྱི་ནས་ཀྱི་འདེབས་ཁྱོན་མུའུ་ཁྲི་230ཡན་ཟིན་རྒྱུ་དང་ཚད་གཞི་མཐོ་བའི་ཞིང་ཁ་མུའུ་ཁྲི་20གསར་སྐྲུན་དང་སྒྱུར་བཀོད་རིམ་སྤོར་བྱ་རྒྱུ་རེད།
འབྲེལ་ཡོད་གསར་འགྱུར།