2025ལོར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ།
བོད་ལྗོངས་ཉིན་རེའི་ཚགས་པར་ཐོག་གནས་ཚུལ་སྤེལ་བར་གཞིགས་ན། གསར་འགོད་པར་བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱི་གྲོང་གསེབ་ལས་དོན་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར། 2025ལོར་ལྷོ་ཁ་གྲོང་ཁྱེར་གྱིས་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བ་དེ“ཞིང་གསུམ”ལས་དོན་གྱི་ལྟེ་བའི་ལས་འགན་ལ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ཕྱོགས་བསྡུས་ཇུས་འདོན་དང་གནད་སྨིན་ཤུགས་འདོན་བྱས་པས། ལོ་ཧྲིལ་པོར་གྲོང་གསེབ་ཀྱི་ཡུལ་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་24990ཟིན་པ་དེ་ལོ་གོང་མ་ལས་སྒོར་1644འཕར་བ་དང་དུས་མཚུངས་ལས་7%འཕར་ནས་ཞིང་འབྲོག་པའི་ཐོབ་སྣང་དང་། སྐྱིད་སྣང་། བདེ་འཇགས་ཚོར་སྣང་བཅས་ཆེ་རུ་རྒྱུན་མཐུད་ཕྱིན་ཡོད་པ་རེད།
སྲིད་ཇུས་དང་མ་དངུལ་གྱི་འགན་ལེན་བྱེད་ཤུགས་ཆེ་རུ་བཏང་ནས་འབབ་འཕར་གྱི་རྨང་གཞི་བརྟན་དུ་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་གྲོང་ཁྱེར་རིམ་པའི་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི“བྱ་ཐབས་བཅུ་བདུན”བཏོན་པ་དང་། རིམ་རྩིས་བརྒྱབ་ན་ཆེད་སྤྱོད་མ་དངུལ་སྒོར་ཁྲི་3619བཏང་སྟེ་འབྲུ་འདེབས་དུད་ཆེན་ལ་ཁ་གསབ་སྤྲོད་པ་དང་། གསོ་ཚགས་དུད་ཆེན་ལ་བྱ་དགའ་སྤྲོད་པ། དེ་བཞིན་ཞིང་འབྲོག་ལས་ཀྱི་གཉེར་སྐྱོང་བྱེད་པོ་གསར་པ་སྐྱེད་སྲིང་བྱེད་པ་བཅས་ལ་གཙོ་གནད་ཐོག་རྒྱབ་སྐྱོར་བྱས་ཡོད། ལོ་ཧྲིལ་པོར་རིགས་ཁག་གི་ཞིང་དར་ཞིང་ཕན་གྱི་སྲིད་ཇུས་རང་བཞིན་གྱི་མ་དངུལ་སྒོར་དུང་ཕྱུར་24དོན་འཁྱོལ་བྱས་ནས་སྲིད་ཇུས་ཀྱི་ཁེ་འབབ་གང་ལེགས་སྤྲད་ཡོད། ལས་ཞུགས་རོགས་སྐྱོར་སྲིད་ཇུས་དོན་འཁྱོལ་ཧུར་ཐག་བྱས་ཏེ་ལམ་རིན་ཁ་གསབ་སྒོར་ཁྲི་759.75དང་། ལས་ཀའི་ཁ་གསབ་སྒོར་ཁྲི་301.95 སྐྱེ་ཁམས་ལས་གནས་ཀྱི་ཁ་གསབ་སྒོར་ཁྲི་260.68བཅས་དོན་འཁྱོལ་བྱས་ཡོད།
ལས་ཞུགས་གཞན་སྒྱུར་གྱི་གཞི་ཁྱོན་ཆེ་རུ་བཏང་ནས་འབབ་འཕར་གྱི་ཐབས་ལམ་རྒྱ་ཆེར་བཏང་ཞིང་། ལྷོ་ཁ་གྲོང་ཁྱེར་གྱིས་ངལ་ནུས་ཕྱིར་གཏོང་དེ་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དམ་འཛིན་བྱ་གཞི་གལ་ཆེན་ཞིག་ཏུ་བརྩི་རྒྱུ་མཐའ་འཁྱོངས་ཀྱིས་ལོ་ཧྲིལ་པོར་མི་ཐེངས་ཁྲི་11.11ལས་ཞུགས་གཞན་སྒྱུར་བྱས་པར་ཡོང་འབབ་སྒོར་དུང་ཕྱུར་20.51བྱུང་ཡོད་པ་རེད།
རྣམ་གྲངས་འཛུགས་སྐྲུན་གྱི་སྐུལ་ཁྲིད་ལ་དམ་འཛིན་ནན་པོ་བྱས་ནས་འབབ་འཕར་གྱི་གཏིང་ཤུགས་སྔོག་འདོན་བྱས་ཤིང་། འཚོ་རྟེན་ལས་སྤྲོད་ཀྱི་སྲིད་ཇུས་དོན་འཁྱོལ་གཏིང་ཟབ་ཀྱིས་ལོ་ཧྲིལ་པོར་འཚོ་རྟེན་ལས་སྤྲོད་ཀྱི་རྣམ་གྲངས་166དོན་འཁྱོལ་བྱས་ནས། མ་དངུལ་སྒོར་དུང་ཕྱུར་38.46བཏང་ཡོད།
འབྲེལ་ཡོད་གསར་འགྱུར།